འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9ཚེས17ཉིན་གྱི་སྔ་དྲོ། ཀྲུང་གོ་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བདུན་པ་འཚོགས་པ་རེད།
ཚང་འཛོམས་གྲོས་ཚོགས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་གཙོ་སྐྱོང་བྱས་པ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ལི་ཡིས་གསུང་བཤད་གནང་བ་རེད།
ཚོགས་འདུའི་ཐོག་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་བྱས་ཚུལ་སྐོར་གྱི་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་སྙན་སྒྲོན་དང་ཀྲུང་གོ་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་གྱི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་གྲ་སྒྲིག་ལས་དོན་སྤེལ་ཚུལ་གྱི་སྙན་སྒྲོན་གསན་པ་རེད། 《ཀྲུང་གོ་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་གཉིས་པས་ཀྲུང་གོ་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་གྱི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པར་ཕུལ་བའི་སྙན་སྒྲོན(གྲོས་བསྡུར་མ་ཟིན)》དང《ཀྲུང་གོ་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་གཉིས་པས་ཀྲུང་གོ་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་གྱི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པར་ཕུལ་བའི་སྙན་སྒྲོན(གྲོས་བསྡུར་མ་ཟིན)》ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་བ་དང་། སྙན་སྒྲོན་དེ་གཉིས་གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་མོས་མཐུན་གནང་བ་རེད། 《ཏང་དངུལ་རྩིས་ལེན་དང་། བེད་སྤྱོད། དོ་དམ་བཅས་བྱས་ཚུལ་སྐོར་གྱི་ཀྲུང་གོ་གུང་ཁྲན་ཏང་ཨུ་ཡོན་ལྷན་ཁང་སྐབས་གཉིས་པའི་སྙན་སྒྲོན》དང《ཀྲུང་གོ་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བདུན་པའི་སྤྱི་བསྒྲགས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
འདེམས་ཤོག་འཕངས་ནས《བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པར་ཞུགས་མཁན་ཆབ་མདོ་གྲོང་ཁྱེར་གྱི་འཐུས་མིའི་འོས་མིའི་གྲ་སྒྲིག་འོས་མི》གཏན་འཁེལ་བྱས་པ་རེད།
ཚང་འཛོམས་གྲོས་ཚོགས་ཀྱིས་གྲོང་ཨུད་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་དྲུག་པ་འཚོགས་ཚུན། གྲོང་ཨུད་ཀྱི་རྒྱུན་ཨུད་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ།“དོན་ཆེན་བཞིར”དམ་པོར་དམིགས་པ་དང་།“འཛུགས་གཏོད་བཞིར”ཤུགས་རྒྱག་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་པ། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་འབད་འབུངས་ཡར་བརྩོན་དང་དཀའ་སྤྱད་དངོས་སྒྲུབ་བཅས་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་ཕན་འབྲས་གསར་པ་ཐོན་རྒྱུར་སྐུལ་འདེད་བཏང་ཡོད་པའི་ངོས་འཛིན་གནང་ཡོད།
ཚང་འཛོམས་གྲོས་ཚོགས་ཀྱིས་འཚོག་ཉེར་ཡོད་པའི་གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པ་ནི་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱས་ཏེ། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་།“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་ཐུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་ཏང་གི་འཐུས་མི་ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་ཤིང་། སེམས་ནུས་གཅིག་སྒྲིལ་གྱིས་ཇུས་བཟང་འདོན་པ་དང་། ལས་ཀའི་དོན་དངོས་ལ་དམ་པོར་དམིགས་ནས་བློ་བསྡུས་དགེ་འཚོལ་དང་། གྲོས་བསྡུར་ནན་ཏན། འདས་ཟིན་པའི་གྲུབ་འབྲས་ཕྱོགས་སྡོམ་ཡག་པོ་བཅས་བྱས་ཏེ། སླད་ཕྱིན་གྱི་ལས་དོན་འཆར་འགོད་ཡག་པོ་བྱེད་པ་དང་། བསམ་བློ་སྔར་བས་གཅིག་གྱུར་དང་། ངོས་འཛིན་གཅིག་མཐུན། འཐབ་སེམས་འཕེལ་བ་བཅས་བྱེད་དགོས་ལ། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་འགན་འཁྲི་ཡག་པོ་བསྒྲུབས་ཏེ། ཏང་གི་འགོ་ཁྲིད་དེ་སྐབས་བརྗེའི་འདེམས་བསྐོའི་བརྒྱུད་རིམ་ཧྲིལ་པོའི་ལྷུ་ཚིགས་ཁག་ཏུ་ཁྱབ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། “གཏན་འགོག་བཅུ”ཡི་སྐབས་བརྗེའི་སྒྲིག་ཁྲིམས་ནན་པོ་སྲུང་བ། གཏན་འབེབས་ལྟར་ནང་མོལ་དང་འདེམས་བསྐོའི་ལས་དོན་སྒྲིག་འཛུགས་ཡག་པོ་བྱེད་པ་བཅས་བྱས་ནས་འདེམས་བསྐོའི་བརྒྱུད་རིམ་ཚད་ལྡན་དང་ནུས་ལྡན་ཡོང་བའི་འགན་ལེན་བྱེད་དགོས་ཞེས་བསྟན།
ཚང་འཛོམས་གྲོས་ཚོགས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ཏེ་བློ་གཅིག་སེམས་གཅིག་དང་ཇུས་ཤུགས་མཉམ་འདོན་གྱིས་དེ་བས་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་དང་། དེ་བས་དངོས་སྒྲུབ་ཀྱི་སྤྱོད་ཚུལ། དེ་བས་ཏན་ཏིག་གི་ལས་དོན་བཅས་ལ་བརྟེན་ནས་རྒྱུགས་འབུལ་ལམ་བུ་གསར་པར་ཡག་པོ་བསྐྱོད་དེ། ཀྲུང་གོའི་ལུགས་ཀྱི་ཆབ་མདོའི་ལེ་ཚན་གསར་པ་ཧུར་ཐག་རྩོམ་དགོས་པའི་འབོད་སྐུལ་བྱས་པ་རེད།
གྲོང་ཨུད་སྐབས་གཉིས་པའི་ཨུ་ཡོན་རྣམས་ཚོགས་འདུར་ཞུགས་ཡོད། གྲོང་ཨུད་ཀྱི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་མིན་པའི་རང་རེའི་གྲོང་ཁྱེར་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་དང་། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་གཞི་རིམ་གྱི་འཐུས་མི། གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གཉིས་པའི་གཞི་རིམ་གྱི་འཐུས་མི། གྲོང་ཁྱེར(ཧྲི)རིམ་པའི་འགོ་ཁྲིད་བློ་མཐུན། འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན། གྲོང་ཁྱེར་སྒྲིག་ཨུད་ཀྱི་རྒྱུན་ཨུ། ལྟ་ཞིབ་ཨུ་ལྷན་གྱི་ཨུ་ཡོན་བཅས་ཚོགས་འདུར་ཟུར་ཞུགས་གནང་ཡོད།

