国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年09月18日

སེམས་ནུས་གཅིག་སྒྲིལ་གྱིས་ལམ་བུ་གསར་པར་སྐྱོད། འབད་པ་ཧུར་ཐག་གིས་ལེའུ་གསར་པ་རྩོམ།

—— གྲོང་ཨུད་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བདུན་པའི་ཟུར་བྲིས།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་9པའི་ཚེས་17ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བདུན་པ་འཚོགས་པ་རེད། གྲོང་ཨུད་ཀྱི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་རྣམས་གདན་ཐོག་གཅིག་ཏུ་འཛོམས་ནས། མིག་རྒྱང་བརྟན་ལ་སྙིང་སྟོབས་ཀྱིས་ཁེངས་བཞིན་ཆབ་མདོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེ་ཚན་གསར་པ་མཉམ་དུ་འཆར་འགོད་བྱས་པ་རེད།

ཚང་འཛོམས་གྲོས་ཚོགས་འཚོག་རིང་། ཚོགས་འདུར་ཞུགས་མཁན་བློ་མཐུན་ཚོས་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་བསྡུར་དང་གཏམ་བཤད་ཧུར་ཐག་གནང་སྟེ། ཚང་འཛོམས་གྲོས་ཚོགས་ཐོག་གཏན་ལ་ཕབ་པའི་དམིགས་ཚད་ལས་འགན་ལ་དམིགས་པ་དང་། རང་སོ་སོའི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ངོས་འཛིན་དང་མྱོང་ཚོར་ཤོད་པ་དང་གྲོས་འགོ་བཏོན་པ་རེད།

གྲོང་ཁྱེར་བོད་སྨན་རྩིས་ཁང་ནད་སྐྱོང་པུའི་ཀྲུའུ་རེན་སྒྲོལ་མ་ལྷ་མཚོ་ཡིས“ ཕྱིར་ལོག་རྗེས། ངས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུ་དེ་ནད་སྐྱོང་ལས་གནས་ཐོག་དོན་འཁྱོལ་བྱེད་པ་དང་། བོད་ལུགས་གསོ་རིག་གི་ཁྱད་ལྡན་ནད་སྐྱོང་ལ་གཞི་ཚུགས་པ། ལས་སྒོའི་འཇོན་ཐང་སྦྱོང་བ། བོད་ལུགས་གསོ་རིག་གི་ནད་སྐྱོང་ལག་རྩལ་ཁྱབ་གདལ་གཏོང་བ། ནད་པར་སེམས་ནུས་ཡོད་རྒུས་ཞབས་ཞུ་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། བདེ་ཐང་གི་ཆབ་མདོ་འཛུགས་སྐྱོང་བྱེད་པར་རང་གི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་བཤད།

ཚོགས་ར་ནས་དོན་སྐབས་ཚོགས་ཞུགས་མི་སྣའི་གོམ་སྟབས་བརྟན་དུ་ཕྱིན་པ་དང་། ཚང་མས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་ལས་དོན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་བསྒྱུར་ནས། དེ་བས་དཔའ་ངར་ཆེར་སྐྱེད་དང་དེ་བས་དངོས་སྒྲུབ་ཀྱི་སྤྱོད་ཚུལ་ཐོག་ནས་ཆབ་མདོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་དུ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

སྟེང་ཆེན་རྫོང་སྟེང་ཆེན་གྲོང་རྡལ་མི་དམངས་སྲིད་གཞུང་གི་རིམ་གཉིས་ཁོའོ་ཡོན་འཆི་མེད་ཉི་མ་ཡིས“ ད་རེས་ཚོགས་འདུར་ཞུགས་རྗེས་རང་ལ་འགན་འཁྲི་ཆེན་པོ་ཡོད་པའི་ཚོར་སྣང་བྱུང་། ཚང་འཛོམས་གྲོས་ཚོགས་ཐོག་གཞི་རིམ་བཅོས་སྐྱོང་དང་གྲོང་གསེབ་དར་རྒྱས་ཀྱི་ལས་དོན་ལ་བླང་བྱ་ཁ་གསལ་བཏོན་སོང་། ངས་ལམ་སང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱས་ཏེ་འཐབ་ས་དང་པོར་གཞི་ཚུགས་པ་དང་། མང་ཚོགས་ཀྱི་འཕྲལ་མཁོ་དང་། སེམས་ཁྲལ། རེ་སྒུག་བཅས་ལ་དམིགས་པ། གཞི་རིམ་བཅོས་སྐྱོང་དང་དམངས་འཚོའི་ཞབས་ཞུ་སོགས་ཀྱི་ལས་དོན་ལ་དམ་འཛིན་ཏན་ཏིག་བྱེད་པ། སེམས་ནུས་ཡོད་རྒུ་བཏོན་ནས་མང་ཚོགས་ཀྱི་བྱ་བ་དངོས་ཡག་པོ་སྒྲུབ་པ་བཅས་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་དེ་གཞི་རིམ་གྱི་དངོས་སྒྲུབ་ཕན་འབྲས་ལ་འགྱུར་བ་བྱ་རྒྱུ་ཡིན”ཞེས་བཤད།

ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དྲུག་པའི་ཏང་གི་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་སློབ་སྤྱི་གཞོན་པ་དབྱང་ཀྲུང་ཡོན་གྱིས“ དེ་རིང་། ང་རང་ཚང་འཛོམས་གྲོས་ཚོགས་འདིར་ཞུགས་ཐུབ་པར་ཧ་ཅང་དགའ་པོ་བྱུང་། ཚང་འཛོམས་གྲོས་ཚོགས་ཀྱི་ལས་དོན་སྙན་སྒྲོན་ནང་། ཆབ་མདོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་བཀོད་སྒྲིག་ཞིབ་ཕྲ་གནང་ནས། ང་ཚོའི་གཞི་རིམ་མཐོ་རིམ་སློབ་འབྲིང་གི་སློབ་གཉེར་ལ་ཁ་ཕྱོགས་གསལ་པོ་བསྟན་སོང་། སླད་ཕྱིན་གྱི་ལས་དོན་ཁྲོད། ང་ཚོས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དེ་སློབ་ཁང་གི་སློབ་ཁྲིད་དང་ཀུན་སྤྱོད་སློབ་གསོའི་ཁྲོད་དུ་ཁྱབ་ཐུབ་པ་བྱ་རྒྱུ་ཡིན”ཞེས་བཤད།