ཆབ་མདོ་གྲོང་ཁྱེར་གྱིས“2026ལོའི་ཐེན་ཅིན་གྲོང་ཁྱེར་གྱི་མཐོ་རིམ་ཤེས་ལྡན་པ་ནུབ་རྒྱུད་དུ་བསྐྱོད་པའི”ཤེས་ལྡན་པའི་ཞབས་ཞུའི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་གཉེར་བ།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་9ཚེས་8ཉིན་གྱི་ཕྱི་དྲོ། ཆབ་མདོ་གྲོང་ཁྱེར་གྱིས“2026ལོའི་ཐེན་ཅིན་གྲོང་ཁྱེར་གྱི་མཐོ་རིམ་ཤེས་ལྡན་པ་ནུབ་རྒྱུད་དུ་བསྐྱོད་པའི”ཤེས་ལྡན་པའི་ཞབས་ཞུའི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་གཉེར་བ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ཐེན་ཅིན་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་གཅིག་པའི་རུ་དཔོན་ལིས་ཧྲུའུ་གོ་ཚོགས་འདུ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།
ལིས་ཧྲུའུ་གོ་ཡིས་བསྟན་དོན། མིག་སྔར། ཆབ་མདོ་འདི་ཉིད“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་པའི་འགག་རྩའི་ལྷུ་ཚིགས་སུ་གནས་ཡོད་པས། ད་ཐེངས་ཀྱི“མཐོ་རིམ་ཤེས་ལྡན་པ་ནུབ་རྒྱུད་དུ་བསྐྱོད་པའི”བྱེད་སྒོའི་ནང་ཆེད་ལས་མཁས་ཅན་ཚོས་ཆབ་མདོའི་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་དཀའ་གནད་ཁག་གཅིག་སེལ་རོགས་བྱེད་པ་དང་། ས་གནས་དེ་གར་གཏན་སྡོད་ཐུབ་པའི་ཤེས་ལྡན་པ་ཁག་གཅིག་གསོ་སྐྱོང་བྱེད་པ། ཕུགས་ཕན་གྱི་དོ་དམ་མཉམ་ལས་ལམ་སྲོལ་ཁག་གཅིག་བཟོས་ནས་ཐེན་ཅིན་གྱི་རིག་སྟོབས་ལེགས་ཆ་དེས་གངས་ལྗོངས་ས་མཐོར་ཏན་ཏན་ཏིག་ཏིག་གི་འཕེལ་རྒྱས་ཀྱི་གྲུབ་འབྲས་སུ་བསྒྱུར་དགོས། ལིས་ཧྲུའུ་གོ་ཡིས་ཆེད་མཁས་པ་ཚོས་སྔོན་ཐོན་གྱི་འདུ་ཤེས་ཁྱབ་སྤེལ་གཏོང་མཁན་ཞིག་བྱས་ཏེ་ཆབ་མདོའི་ལས་བྱེད་པའི་མཐོང་རྒྱ་ཆེར་གཏོང་དང་འདུ་ཤེས་གསར་སྒྱུར་ཡོང་བར་རོགས་རམ་བྱེད་པ་དང་། བསམ་བློའི་ལམ་བཤངས་ཀྱི་ཐོག་ནས་འཕེལ་རྒྱས་ལ་ཁྲིད་སྟོན་བྱ་རྒྱུ། ལག་རྩལ་འགག་སྒྲོལ་གྱི་གནད་འགག་གཏོར་མཁན་བྱས་ཏེ་ཆབ་མདོའི་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་བྱ་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ། ས་གནས་ཀྱི་ཤེས་ལྡན་པའི་ལམ་སྟོན་པ་བྱས་ཏེ་གཏན་དུ་སྡོད་ཅིང་བྱང་ཚད་མཐོ་བའི་ཤེས་ལྡན་པའི་དཔུང་ཁག་ཅིག་ཧུར་ཐག་བསྐྲུན་རྒྱུ། ཅིན་ཆབ་མཛའ་གྲོགས་ཀྱི་རྒྱུན་འཛིན་པ་ཞིག་བྱས་ཏེ། ཆེད་ལས་དང་ལྷག་བསམ་རྣམ་དག་གིས་ཅིན་ཆབ་ས་གནས་གཉིས་པོའི་དམངས་སེམས་གཅིག་མཐུན་གྱི་ཟམ་པ་བསྐྲུན་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གངས་ལྗོངས་ས་མཐོར་རྒྱུན་དུ་བཞད་ཐུབ་པ་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན།
མཛད་སྒོ་ཐོག་ཆེད་ལས་མཁས་ཅན་གྱི་འཐུས་མིས་རྣམ་འགྱུར་མཚོན་པའི་གཏམ་བཤད་བྱས་ཡོད་པ་རེད།

