国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年09月11日

ཆབ་མདོས་ནུས་རྒྱུ་གཙང་མའི་གསར་སྤེལ་ཇེ་མགྱོགས་སུ་བཏང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱིས་འབྲི་ཆུའི་སྟོད་རྒྱུད་དང་། རྫ་ཆུའི་སྟོད་རྒྱུད། བོད་ཤར་ལྷོའི་རྒྱུད(གཡུ་རྫ)བཅས་ཆན་ཝ་ཁྲི་སྟོང་གསུམ་རིམ་པའི་ནུས་རྒྱུ་གཙང་མའི་རྟེན་གཞི་གསུམ་དང་བོད་ཤར་རྒྱུད་ཀྱི་ནུས་རྒྱུ་གཙང་མ་གསར་སྤེལ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་བས། ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཀྱི་མྱུར་ལམ་དུ་སླེབས་ཡོད་པ་རེད།

ཆབ་མདོར་ནུས་རྒྱུ་གཙང་མའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས། གྲོང་ཁྱེར་ཡོངས་ནས་ཆུ་དང་། རླུང་། འོད་སོགས་ཀྱི་ནུས་རྒྱུ་གཙང་མའི་གློག་ཆན་ཝ་དུང་ཕྱུར་4ལྷག་ཙམ་གསར་སྤེལ་བྱེད་ཐུབ་པ་དང་། གཙོ་གནད་ཐོག་ལག་བསྟར་བྱེད་རྩིས་ཡོད་པའི་གསར་སྤེལ་རྣམ་གྲངས་ཀྱི་སྤྱིའི་གཞི་ཁྱོན་སྟོང་ཝ་དུང་ཕྱུར་1.5ལྷག་ཙམ་ཟིན་རྒྱུ་རེད།

ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ལི་ཧྲུའུ་གོ་ཡིས་ནུས་རྒྱུ་གཙང་མ་གསར་སྤེལ་གྱི་འཁོར་འབྲེལ་རྒྱུན་མཐུད་སྣུར་སྲིང་དང་། གསབ་པ། སྟོབས་ཆེར་གཏོང་བ་བཅས་ལ་དམིགས་ནས། ཆབ་མདོ་གྲོང་ཁྱེར་གྱིས་ཤར་ཕྱོགས་གློག་ལས་དང་། ཆུ་གློག་ཅུས་བཞི་པ། དམིགས་བསལ་གློག་སྒྱུར་བཟོ་པ་མ་རྐང་ཚད་ཡོད་ཀུང་སི། ཀྲུང་ཁྲེ་ཀྲུའུ་ཀྲོའུ་སུའོ་སོགས་ཁེ་ལས་ནང་འདྲེན་བྱས་ཡོད། གྲོང་ཁྱེར་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་ཁེ་ལས་22ཁྲོད་ནུས་རྒྱུའི་གློག་གཏོང་ཁེ་ལས་ཀྱིས་41%བཟུང་བ་དང་། ནུས་རྒྱུ་གཙང་མའི་ཐོན་ལས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པར་གྱུར་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

གཞན་ཡང་། ཆབ་མདོ་གྲོང་ཁྱེར་གྱིས་ནུས་རྒྱུ་གཙང་མ་དང་། རིག་གནས་ཡུལ་སྐོར། འགྲིམ་འགྲུལ། ཞིང་འབྲོག གྲོང་གསེབ་དར་རྒྱས་སོགས་མཉམ་འདྲེས་གཏིང་ཟབ་བྱེད་པར་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། ལེགས་ཆའི་ཐོན་ཁུངས་ཀྱི་ཁེ་ཕན་མཉམ་སྤྱོད་ལམ་སྲོལ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་ཡོད།“ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། འོད་ཤུགས་རྣམ་གྲངས་ཀྱིས་རིམ་རྩིས་བརྒྱབ་ན་མང་ཚོགས་ལ་ས་ཞིང་གི་བོགས་དངུལ་སྒོར་དུང་ཕྱུར་3ཙམ་སྤྲད་པ་མ་ཟད། ས་གནས་དེ་གའི་སློབ་གྲྭ་ཆེ་མོ་བ་དང་ཞིང་འབྲོག་མང་ཚོགས་ནུས་རྒྱུའི་རྣམ་གྲངས་འཛུགས་སྐྲུན་ནང་བཅུག་ནས་ཐག་ཉེ་སར་ལས་ཞུགས་ཐུབ་པར་བྱས་ཏེ། མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་ནུས་ལྡན་བྱས་ཡོད།