国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年09月08日

༄༅། །བོད་བཙན་པོའི་དུས་སྐབས་ཀྱི་རྩོམ་རིག་གི་ཁྱད་ཆོས་སྐོར་གླེང་བ།

【ནང་དོན་གནད་བསྡུས།】 དཔྱད་རྩོམ་འདིར་ཏུན་ཧོང་རིག་མཛོད་ནས་ཐོན་པའི་བཙན་པོ་རིམ་བྱུང་གི་ལོ་རྒྱུས་གཞིར་བཟུང་ནས་བཙན་པོའི་དུས་སྐབས་ཀྱི་རྩོམ་རིག་འཕེལ་རྒྱས་ཀྱི་ལམ་ཕྱོགས་ནི་གང་འདྲ་ཞིག་ཡིན་པ་དང་། བཙན་པོའི་དུས་སྐབས་ཀྱི་རྩོམ་རིག་དེ་དག་ལ་བརྡ་སྤྲོད་རིག་པའི་མཐོང་སྣེ་ལས་ཐུན་མོང་ལ་མངའ་བའི་ཁྱད་ཆོས་གང་དག་ཡོད་ཚུལ་བརྗོད་ཡོད།

【བརྡ་ཆད་གཙོ་བོ།】 བཙན་པོ་རིམ་བྱུང་། བརྡ་རྙིང་། རྩོམ་རིག ཁྱད་ཆོས།

སྤྱིར་བརྡ་རྙིང་ཞེས་པ་གནའ་རབས་ཀྱི་བརྩམས་ཆོས་དང་གཞུང་ལུགས་རྣམས་སུ་བེད་སྤྱོད་བྱས་ཤིང་། སྐད་བརྡའི་བྱུང་འཕེལ་གྱི་དབང་གིས་དེང་སང་ཡོངས་གྲགས་སུ་དེའི་ཚབ་ཏུ་ཐ་སྙད་གསར་པ་བེད་སྤྱོད་གཏོང་བཞིན་ཡོད་པ་ཞིག་ལ་བརྡ་རྙིང་ཞེས་ཟེར་ཞིང་། འདིར་ཁོ་བོས་ཏུན་ཧོང་ཡིག་རྙིང་ཁྲོད་དུ་བྱུང་བའི་ལོ་རྒྱུས་དེ་གཞིར་བཟུང་ནས་བོད་བཙན་པོའི་དུས་སྐབས་སུ་བོད་ཀྱི་རྩོམ་རིག་གི་རྣམ་པ་ཇི་ལྟར་འཕེལ་རྒྱས་བྱུང་བའི་སྐོར་མདོ་ཙམ་བརྗོད་པ་དང་། དེ་ནས་བཙན་པོའི་དུས་སྐབས་ཀྱི་རྩོམ་རིག་དེ་དག་ལ་ཁྱད་ཆོས་གང་དག་ཡོད་པ་བརྗོད་གཞིར་བཟུང་ནས་བཤད་པར་བྱ་བ་ལ།

དང་པོ། བཙན་པའི་དུས་སྐབས་སུ་བོད་ཀྱི་རྩོམ་རིག་གི་རྣམ་པ་ཇི་ལྟར་འཕེལ་རྒྱས་བྱུང་བའི་སྐོར།

དེ་ཡང་བོད་བཙན་པོའི་དུས་སྐབས་ནི་བོད་མི་རིགས་ཀྱི་ལོ་རྒྱུས་ཐོག་གལ་འགངས་ཆེ་བའི་དུས་སྐབས་ཤིག་ཡིན་ལ། དུས་སྐབས་དེར་བོད་ཀྱི་སྲིད་འབྱོར་རིག་གསུམ་སོགས་ཀྱང་ཕྱོགས་གང་འཐད་ནས་འཕེལ་རྒྱས་ཀྱི་རྩེར་སོན་པ་ཡིན་པས་མི་རྣམས་ཀྱང་སྔོན་ཆད་ཀྱི་གདོད་མིས་རྣམ་པ་ནས་རིམ་བཞིན་ཤེས་དཔལ་ལྡན་པའི་བྲན་གཡོག་ལམ་ལུགས་ལ་བསྐྱོད་མགོ་ཚུགས་པ་རེད། སྤྱི་ཚོགས་ཀྱི་སྲོད་འབྱོར་རིག་གསུམ་སོགས་འཕེལ་རྒྱས་འགྲོ་བའི་གོམས་སྟབས་དང་བསྟུན་ནས་རྩོམ་རིག་གི་རྣམ་པ་དེ་ཡང་འཕེལ་རྒྱས་ཆེ་ཆེར་བྱུང་ཞིང་། ལྷ་སྒྲུང་དང་གཏམ་རྒྱུད། མགུར་གླུ་ལ་སོགས་པའི་ངག་ཐོག་རྩོམ་རིག་དང་ཡིག་ཐོག་རྩོམ་རིག་གི་སྐོར་ཤིན་ཏུ་ཕུན་སུམ་ཚོགས་པ་ཡོད་ལ། དེ་དག་ནི་གནའ་མི་ཚོའི་ངག་ཐོག་ནས་བརྒྱུད་ཡོང་བ་མང་པོ་ཡོད་ལ། ལྷག་ཏུ་ད་ལྟ་ང་ཚོར་མིག་མཐོང་ལག་ཟིན་ཏུ་གྱུར་ཡོད་པ་ནི་མི་རིགས་གཞན་གྱི་ལོ་རྒྱུས་དེབ་ཐེར་དང་ཏུན་ཧོང་རིག་མཛོད་དག་ཏུ་ཉར་ཚགས་བྱས་ཡོད་པའི་བོད་བཙན་པོའི་དུས་སྐབས་ཀྱི་མགུར་གླུ་དང་།ལེགས་བཤད། གཏམ་རྒྱུད་ལ་སོགས་པའི་སྙན་རྩོམ་དག་ཡིན་ལ། དཔེར་མཚོན་ཙམ་བཀོད་ན། ཏུན་ཧོང་གཏེར་ཡིག་ཏུ་འཁོད་པའི་མགུར་གླུ་ཐོག་མ་སྤུ་དེ་གུང་རྒྱལ་གྱི་མགུར་གླུ་དང་། སྟག་རི་གཉན་གཟིགས་སྐབས་ཀྱི་མགུར་གླུ་ལ་སོགས་པ། ཏུན་ཧོང་གཏེར་ཡིག་ཏུ་བྱུང་བའི་ཚིག་རྐང་བརྒྱ་དང་དྲུག་བཅུ་ལྷག་ཙམ་གྱི་བོད་ཀྱི་གནའ་རབས་ལེགས་བཤད་ཤོག་དྲིལ་གཅིག་ཅན། དེ་ནས་སྐབས་འདིར་བདག་གི་དཔྱད་གཞིར་གྱུར་ཡོད་པའི་ཏུན་ཧོང་རིག་མཛོད་ཁྲོད་ཀྱི་གཉའ་ཁྲི་བཙན་པོའི་གཏམ་རྒྱུད་ལས་མཚོན་པའི་བཙན་པོ་རིམ་བྱུང་གི་ལོ་རྒྱུས་དེ་བཅད་ལྷུག་སྤེལ་མའི་རྣམ་པ་ཅན་གྱི་བཙན་པོ་རིམ་བྱུང་གི་གནའ་རྩོམ། 《རྒྱལ་པོ་བཀའི་ཐང་ཡིག》ཏུ་བསམ་ཡས་གཙུག་ལག་ཁང་བཞེངས་གྲུབ་རྗེས་རྒྱལ་བློན་སྲས་དང་བཙུན་མོ། སློབ་དཔོན་ལོ་པཎ་རྣམས་ཀྱིས་དགའ་སྟོན་ཐོག་བླངས་པའི་མགུར་གླུ་སོགས་ཡོད་ལ། དེ་དག་ལ་སོ་སོས་ཀྱང་རང་རང་གི་སྐབས་དེའི་རང་བྱུང་ཁམས་ལ་བཟུང་བའི་ངོས་འཛིན་དང་སྤྱི་ཚོགས་འཚོ་བའི་བར་གྱི་གྲལ་རིམ་གྱི་འགལ་འདུ་ལ་སོགས་སྤྱི་ཚོགས་ཀྱི་དར་རྒུད་དང་མི་དམངས་ཀྱི་འཚོ་བའི་གནས་ཚུལ་སོགས་མངོན་གསལ་དོད་པོས་མཚོན་ཡོད་ལ། འོན་ཀྱང་སྲོང་བཙན་ཡར་སྔོན་ལ་བོད་རང་ལ་ཐུན་མོང་དུ་སྤྱོད་རུང་བའི་ཡི་གེ་མེད་པས་མཐའ་བཞིའི་རྒྱལ་ཁབ་ལ་འབྲེལ་འདྲིས་ཉུང་ཞིང་མི་རྣམས་ད་དུང་བྱིས་བློའི་ཚད་དུ་ལུས་ཡོད་པས་སྐབས་དེའི་རྩོམ་རིག་ཀྱང་ཕྱི་ནང་འཇིག་རྟེན་གྲུབ་ལུགས་ལ་འགྲེལ་བཤད་ཙམ་བྱས་པའི་དམངས་ཁྲོད་རྩོམ་རིག་ཁོ་ན་ཡིན་ཞིང་། རྩོམ་པ་པོའང་ངལ་རྩོལ་མི་དམངས་ཡིན་ཞེས་ཚོགས་ཁག་ཅིག་ལ་བཤད་པ་མ་གཏོགས། རྩོམ་པ་པོ་འདི་ཡིན་ཞེས་གང་ཟག་རང་ག་བ་ཞིག་ལ་ངོས་འཛིན་རྒྱུ་མེད།དེ་བས་ད་ལྟ་ལག་ཏུ་སོན་ཡོད་པའི་རྩོམ་རིག་བརྩམས་ཆོས་འདི་དག་ཀྱང་ངག་ཐོག་གི་རྣམ་པར་གནས་པ་དེ་དག་ཕྱིས་སུ་ཡིག་ཐོག་ཏུ་ཕབ་པ་ལྟ་བུ་ཡིན། རྗེས་སུ་བོད་རྒྱལ་སོ་གསུམ་པ་སྲོང་བཙན་སྒམ་པོའི་རིང་ལ་བོད་སྤྱི་ལ་དབང་བའི་ཡི་གེ་འདི་གསར་གཏོད་གནང་བ་དང་སྲིད་འབྱོར་རིག་གསུམ་སོགས་འཕེལ་རྒྱས་ཀྱི་རྩེར་བྱོན་ནས་རིམ་བཞིན་མཐའ་བཞིའི་རྒྱལ་ཕྲན་མང་པོ་མངའ་འོག་ཏུ་བསྡུས་ནས་མངའ་ཁོངས་རྒྱ་བསྐྱེད་བྱུང་སྟེ། རིམ་བཞིན་ལོ་ཙཱ་བ་མང་པོས་རྒྱ་དཀར་ནག་ལ་སོགས་པ་ནས་བཀའ་བསྟན་འགྱུར་ལ་སོགས་པའི་དམ་ཆོས་དང་གཞན་སྐད་གྲགས་ཅན་གྱི་བརྩམས་ཆོས་མང་པོ་བོད་སྐད་དུ་བསྒྱུར་བ་འདི་ཉིད་ནི་ངག་ཐོག་རྩོམ་རིག་ནས་ཡིག་ཐོག་རྩོམ་རིག་དང་། དམངས་ཁྲོད་རྩོམ་རིག་ནས་མི་སྒེར་གྱི་རྩོམ་རིག་ཏུ་གྱུར་བའི་མགོ་བརྩམས་པ་རེད། དེ་ནས་ཁྲི་སྲོང་སྡེ་བཙན་དང་ཁྲི་རལ་བ་ཅན་ལ་སོགས་པའི་དུས་སུ་དགོན་སྡེ་བཙུགས་ནས་གྲྭ་བཙུན་སྡེ་སྤེལ་བ་འདི་དག་ལ་བརྟེན་ནས། བོད་རང་གི་རིག་གནས་ཀྱི་མ་ལག་འདི་ཉིད་གོང་ནས་གོང་དུ་འཕེལ་བས་རྩོམ་ལུས་མི་འདྲ་བའི་རྩོམ་རིག་གི་རྣམ་པ་དེའང་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པས་བཙན་པོའི་དུས་སྐབས་ཀྱི་རྩོམ་རིག་འཕེལ་རྒྱས་ཕྱོགས་ལ་འདི་དག་གིས་ནུས་པ་བླ་ལྷག་ཐོན་ཡོད།

གཉིས་པ། བཙན་པོའི་དུས་སྐབས་ཀྱི་རྩོམ་རིག་དག་ལ་མངའ་བའི་ཐུན་མོང་གི་ཁྱད་ཆོས།

བོད་སྤྱི་ལ་དབང་བའི་ཡི་གེ་འདི་ནི་བོད་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་གསར་གཏོད་གནང་བའི་རྒྱུ་མཚན་གྱིས་ཏུན་ཧོང་རིག་མཛོད་དུ་སྲོང་བཙན་ཡར་སྔོན་གྱི་བཙན་པོ་དག་གི་ལོ་རྒྱུས་འཁོད་ཡོད་པ་དེ་དག་ཀྱང་སྲོང་བཙན་རྗེས་ལ་ཡི་གེར་བཀོད་པ་ཤ་སྟག་ཡིན་ལ། དེ་བས་ལོ་རྒྱུས་བརྩམས་ཆོས་དེ་དག་ལ་བརྡ་སྤྲོད་རིག་པའི་མཐོང་སྣེ་སོགས་ནས་བལྟས་ན་ཐུན་མོང་གི་ཁྱད་ཆོས་ཡང་གང་མང་མཐོང་རྒྱུ་ཡོད་པར་སྣང་། དེ་དག་རེ་རེ་བཞིན་ཅུང་ཟད་བརྗོད་ན།

༡.དབྱངས་ལ་འབྲི་སྟངས་དབང་གིས་གི་གུ་ལོག་པ་ཅན་མང་བ། འདི་ནི་བཙན་པོ་རིམ་བྱུང་གི་ལོ་རྒྱུས་དག་ལས་མཚོན་པའི་བརྡ་རྙིང་སྤྱིའི་ཁྱད་ཆོས་སུ་སོང་ཡོད་ལ། དཔེར་མཚོན་ཙམ་འགོད་ན།“བཙན་པོའི་གདུང་ཁུངས་བཤད་པ་”ཞེས་པར་“སོ་སོ་ཡུལ་བདེ་བསྦེ་ལས། སྤུ་རྒྱལ་བོན་གི་བཙན་པོ་ལྡེའུ་རྒྱལ་བོ་ཐོད་རྒྱལ་བྱུང་ཏེ། ། ལ་ལ་འྀ་མཆྀད་ནས་ནྀ་རྒྱལ་ཕྲན། བཅུ་གཉིས་ལ་གཏོགས་ཤེས་ཀྱང་མཚི། །”ཞེས་དང་“རྒྱལ་ཕྲན་རྣམས་དང་དེ་དག་གི་རྗེ་བློན་གྱི་མིང་”ཞེས་པར་“ཡུལ་མཆྀམས་ཡུལ་གྱི་དགུའ་ཡུལ་ནའ། རྗེ་མཆིམས་རྗེ་འྀ་ནེ་འུ།”ཞེས་པར་གི་གུ་ལོག་པ་ཅན་བཤིན་ཏུ་མང་བ། དེ་ལྟར་བཙན་པོ་རིམ་བྱུང་གི་ལོ་རྒྱུས་འོག་མ་དག་ཏུའང་གི་གུ་ལོག་པ་ཅན་ཤིན་ཏུ་མང་པོ་ཡོད།

༢.མིང་གཞིར་ཕོ་ཡིག་དང་མ་ནིང་གི་ཡི་གེ་བརྗེ་རེས་སུ་སྤྱད་པ། འདི་ཡང་བཙན་པོ་རིམ་བྱུང་གི་ལོ་རྒྱུས་དག་ལས་མཚོན་པའི་བརྡ་རྙིང་སྤྱིའི་ཁྱད་ཆོས་ལྟ་བུར་ཆགས་ཡོད་ལ། དཔེར་མཚོན་ཙམ་འགོད་ན། གྲི་གུམ་བཙན་པོའི་ལོ་རྒྱུས་ལས།“སོ་ནས་ཀུན་གྱིས་མྱྀ་ཕོད་ཆེས་གསོལ་ཏོ། ལོ་ངམ་རྟ་རྫིས་ཀྱང་མྱི་ཕོད་ཆེས་གསོལ་པ་ལས་མ་གནང་སྟེ།”ཞེས་དང་། སྟག་རི་གཉན་གཟིགས་ཀྱི་ལོ་རྒྱུས་ལས།“ཆོས་ག་ཆིང་སྲྀད་གྱུར་པས། ། རྗེ་བོ་ནྀ་ན་གམས།...ག་ག་ལ་གཆིཅིག་སྙིང་མྱྀ་བརྟན་ཏེ། ”ཞེས་དང་། གནམ་རི་སྲོང་བཙན་གྱི་ལོ་རྒྱུས་ལས།“བྱ་གཆོད་ཆིག་ཉན་རྣར་བཀྱེ། ..ཁྱུང་པོ་སྤུང་སད་ཀྱིས་རྩང་དང་བོད་ཀྱི་རྗེ་བོ་མར་མུན་མགོ་བཆད་དེ། ”ཞེས་སོགས་བཙན་པོ་རིམ་བྱུང་གི་ལོ་རྒྱུས་དག་ཏུ་མང་དུ་མཐོང་རྒྱུ་འདུག འདི་དག་ནི་མིང་གཞི་ཕོ་ཡིག་དང་མ་ནིང་གི་ཡེ་གེ་གཉིས་ཕན་ཚུན་བརྗེ་རེས་བྱས་པ།

༣.མ་ལ་ཡ་བཏགས་འབྲི་བ། འོ་ལྡེ་སྤུ་རྒྱལ་གྱི་གདུང་རབས་རིམ་བྱོན་གྱི་ལོ་རྒྱུས་ལས་“མྱི་འཛངས་ཤིང་དཔའ་རུ་སྐྱེ། མྱྀ་བཙུན་སོན་པ་འྀ་རྣམས།”གྲི་གུམ་བཙན་འི་རྒྱུས་ལས།་ལྡེ་སྲས་མྱྀ་འི་མྱི་ཚུལ་ཏེ།“སོ་སོ་ནས་ཀུན་གྱིས་མྱྀ་ཕོད་ཆེས་་་གསོལ་ཏོ། ལོ་ངམ་རྟ་རྫིས་ཀྱང་མྱི་ཕོད་ཆེས་གསོལ་པ་ལས་མ་གནང་སྟེ།”ཞེས་པ་ལ་སོགས་པ་ལ་སོགས་པར་མིང་གཞི་མ་ལ་ཡ་བཏགས་འབྲི་བ་ཤིན་ཏི་མང་བ།

༤ ད་དྲག་ཅན་ཇི་བཞིན་དུ་བྱུང་བ། དཔེར་ན་བཙན་པོ་རིམ་བྱུང་གི་ལོ་རྒྱུས་དག་ཏུ་“སྲིད་ལ་དཔེནད་པའི་སེམས་དགའ་བ་བྱས། རྒྱུད་འཕེལད།”ལྟ་བུའི་ད་དྲག་ཅན་ཇི་བཞིན་དུ་བྱུང་བ་མང་བོ་འདུག་ལ། ད་དྲག་ཇི་བཞིན་དུ་འབྲི་བ་ནི་སློབ་དཔོན་ཐོན་མིའི་དགོངས་པ་ཇི་བཞིན་ཡིན་མོད། འོན་ཀྱང་རྗེས་སུ་གཅིག་ནི་སྤྱི་ཚོགས་ཀྱི་འགྲོས་དང་བསྟུན་དང་མི་རྣམས་ཀྱི་སྐད་གདངས་ཀྱང་འགྱུར་བའི་རྐྱེན་གྱིས་ད་དྲག་གི་སྒྲ་ཇི་བཞིན་མི་ཐོན་པ། གཉིས་ནི་ཡི་གེ་སོར་ཡང་བའི་ཆེད་དུ་ད་དྲག་དོར་བ་ཡིན་སྲིད་མོད། འོན་ཀྱང་དུས་རྒྱུན་ང་ཚོས་ད་དྲག་དོར་བའི་དབང་གིས་རྣམ་དབྱེ་དྲུག་གི་ཕྲད་སོགས་བེད་སྤྱོད་པའི་སྐབས་མ་ནོར་ཡིད་ཟབ་བྱེད་རྒྱུ་གལ་ཆེའོ།

༥.ཕྲད་ཀྱི་སྦྱོར་ཚུལ་སུམ་རྟགས་ཀྱི་དགོངས་པ་དང་མི་མཐུན་པ། བཙན་པོའི་གདུང་རབས་ཀྱི་ཁུངས་སྨོས་པ་ཞེས་པར། “སྤུ་རྒྱལ་བོན་གྀ་བཙན་པོ་ལྡེའུ་རྒྱལ་བོ་ཐོད་རྒྱལ་བྱུང་ཏེ། ”ཞེས་པའི་གྀ་སྒྲའི་མཚམས་སུ་སུམ་རྟགས་ཀྱི་དགོངས་པ་ལྟར་ན་གྱི་ལྟར་བྲི་དགོས། རྒྱལ་ཕྲན་རྣམས་དང་དེ་དག་གི་རྗེ་བློན་གྱི་མིང་ཞེས་པར“ཡུལ་གནུབས་གྱྀ་གླིང་དགུའ་ན་རྗེ་གནུབས་རྗེའི་སྲིས་པ།”ཞེས་པའི་གྱི་སྒྲའི་སྐབས་སུ་སུམ་རྟགས་ཀྱི་དགོངས་པ་ལྟར་ན་ཀྱི་ལྟར་བྲི་དགོས། འདི་ལྟ་བའི་སུམ་རྟགས་ཀྱི་དགོངས་པར་མི་མཐུན་པའི་ཕྲད་སྦྱོར་སྟངས་མང་བོ་ཞིག་བཙན་པོ་རིམ་བྱུང་གི་ལོ་རྒྱུས་དག་ལས་མཚོན་པའི་བཙན་པོའི་དུས་ཀྱི་བརྡ་རྙིང་ཡིག་ཆ་ཚང་མའི་ཁྱད་ཆོས་ཤིག་ཏུ་གྱུར་འདུག་གོ །

དཔྱད་གཞིའི་ཡིག་ཆ།

༡.གཉའ་གོང་དཀོན་མཆོག་ཚེ་བརྟན།《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ།》མི་རིགས་དཔེ་སྐྲུན་ཁང་།

༢.ཁ་སྒང་བཀྲ་ཤིས་ཚེ་རིང་། 《བོད་ཀྱི་ཡིག་རྙིང་ཞིབ་འཇུག》 མི་རིགས་དཔེ་སྐྲུན་ཁང་།

༣ .ལྷག་པ་ཆོས་འཕེལ།《བོད་ཀྱི་རྩོམ་རིག་ལོ་རྒྱུས།》མི་རིགས་དཔེ་སྐྲུན་ཁང་།

༤.དཔའ་རིས་རབ་གསལ།《བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ།》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།

༥.《བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་སྒྲིག》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།

༦.རིན་ཆེན་ལྷ།《བརྡ་རྙིང་ལས་འཕྲོས་ཏེ་འབྲེལ་སྒྲའི་སྦྱོར་ཚུལ་རགས་ཙམ་དཔྱད་པ། 》ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ།༢༠༡༣ལོའི་དེབ་༢

༧. བློ་དགེ། 《བརྡ་རྙིང་ཁྲོད་ཀྱི་ཕྲད་སྦྱོར་སྟངས་འགའ་ཤས་ལགརགས་ཙམ་དཔྱད་པ།》 ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ།

༨.གདུགས་དཀར་བཀྲ་ཤིས།《བོད་ཀྱི་གནའ་སྐད་ལས་ད་དྲག་གི་འཇུག་པ་དང་དེའི་འཕེལ་འགྱུར་སྐོར་བརྟག་པ།》བོད་ལྗོངས་སློབ་ཆེན་གྱི་རིག་དེབ།