ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་གྱིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་གཏོང་བའི་འབྲེལ་ཡོད་དྲི་བར་ལན་བཏབ་པ།
6.དྲི་བ། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་གཏོང་རིང་སྲིད་ཁྲིམས་ལས་ཁུངས་ཀྱིས་ཁྲིམས་ལྟར་གྱོད་གཞི་ཞིབ་གཅོད་ནན་པོ་ཇི་ལྟར་བྱེད་དམ།
ལན། ཆེད་དོན་འཐབ་རྩོད་ནང་སྲིད་ཁྲིམས་ལས་ཁུངས་ཀྱིས་ཉེས་ཁྲིམས་དང་། སྒྲིག་འཛུགས་ཡོད་པའི་ཉེས་གསོག་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས། དེ་བཞིན་འབྲེལ་ཡོད་ཁྲིམས་འཛིན་གྱི་འགྲེལ་བཤད་བཅས་ལ་ནན་པོར་གཞིགས་ནས་དོན་དངོས་ལ་གཞི་འཛིན་པ་དང་བཅའ་ཁྲིམས་ཚད་གཞིར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་བྱས་ཉེས་དང་ཉེས་ཆད་ཁྲིམས་བཀོད་དང་། དོགས་ཉེས་རྩིས་མེད་དུ་འཛིན་པ། དཔང་རྟགས་གཟུ་གཅོད་སོགས་བཅའ་ཁྲིམས་ཀྱི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ཏེ། གྱོད་གཞིའི་དོན་དངོས་ཀྱི་འགག་སྒོ་དང་། དཔང་རྟགས་ཀྱི་འགག་སྒོ གོ་རིམ་གྱི་འགག་སྒོ བཅའ་ཁྲིམས་སྤྱད་འཐུས་ཀྱི་འགག་སྒོ་བཅས་ནན་པོར་བསྲུངས་ནས། གྱོད་གཞི་ཚང་མ་བཅའ་ཁྲིམས་དང་ལོ་རྒྱུས་ཀྱི་ཞིབ་དཔྱད་ཐེག་ཐུབ་པའི་ཉེས་རྟགས་ཁུངས་བཙན་ཞིག་ཏུ་སྒྲུབ་ཀྱི་ཡོད། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་བཀོད་གོ་རིམ་གཞིར་བཟུང་ནག་གཤེད་ཀྱི་ཉེས་གསོག་ར་སྤྲོད་ཐུབ་པའི་དཔང་རྟགས་སྣ་ཚོགས་བཙལ་ཏེ་འབྱུང་རྩ་ནས་མྱུལ་ཞིབ་དཔང་ལེན་གྱི་སྤུས་ཚད་མཐོ་རུ་གཏོང་གི་ཡོད། ཞིབ་དཔྱོད་ལས་ཁུངས་དང་འདྲི་གཅོད་ལས་ཁུངས་ཀྱིས་འཁྲི་འགན་རང་འཁུར་བྱས་ཏེ་ཁྲིམས་ལ་ནན་པོ་གཞིགས་ནས་ཚད་གཞི་ངེས་གཟུང་བྱེད་ཀྱི་ཡོད། གྱོད་སྒྲུབ་ལས་ཁུངས་ཀྱིས་ཞུ་སྦྱོར་ཕྱི་མ་དང་དོགས་ཡོད་ཉེས་ཅན་གྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་འགན་སྲུང་དང་། ཁྲིམས་རྩོད་པའི་ལས་གཉེར་ཁེ་དབང་ཁྲིམས་ལྟར་འགན་སྲུང་བྱེད་ཀྱི་ཡོད།
7.དྲི་བ། མི་དམངས་མང་ཚོགས་ཀྱིས་ནག་གཤེད་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་གི་གནད་དོན་ཐེར་འདོན་བྱེད་པའི་ཐབས་ལམ་གང་དག་ཡོད་དམ།
ལན། ད་ཐེངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ནང་མི་དམངས་མང་ཚོགས་ཀྱིས་གཤམ་གསལ་གྱི་ཐབས་ལམ་བརྒྱུད་ཐེར་འདོན་གོང་ཞུ་བྱེད་ཆོག་པ་སྟེ། གཅིག་ནི་རྒྱལ་ཡོངས་ཀྱི“12337”གཅིག་གྱུར་དྲ་ཐོག་ཐེར་འདོན་ལས་སྟེགས་རེད། དྲ་ཐོག་ནས“12337”འཚོལ་བའམ་ཡང་ན་ཀྲུང་གོ་ཁྲང་ཨན་དྲ་བ་དང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་ཁྲང་ཨན་རལ་གྲི་སྐད་འཕྲིན་སྤྱི་རྟགས་སོགས་བརྒྱུད་དུས་དང་རྣམ་པ་ཀུན་ཏུ་སྟབས་བདེ་ལ་མྱུར་པོས་ཐེར་འདོན་གོང་ཞུའི་ལས་སྟེགས་ནས་འབྲེལ་ཡོད་ཆ་འཕྲིན་བརྒྱངས་རྗེས་རྒྱལ་ཡོངས་ནག་སེལ་གཤེད་བཅོམ་གཞུང་དོན་ཁང་ནས་དུས་ཐོག་ཏུ་བདག་སྤྲོད་བྱེད་ཀྱི་ཡོད། གཉིས་ནི་སྤྱི་བདེ་པུའུ་དང་། རྒྱལ་ཁབ་ཡིག་འབུལ་ཞུ་བཅར་ཅུས། ཞིང་ཆེན་རིམ་པའི་ནག་སེལ་གཤེད་བཅོམ་གཞུང་དོན་ཁང་བཅས་ཀྱིས་ཡོངས་བསྒྲགས་བྱས་པའི་ཐེར་འདོན་ཐབས་ལམ་དང་དེ་བཞིན་གློག་འཕྲིན་དྲ་རྒྱ་དང་དངུལ་རྩ་སོགས་ལས་རིགས་ཀྱི་གཙོ་གཉེར་སྡེ་ཚན་དང་དེ་བཞིན་འབྲེལ་ཡོད་དྲ་སྦྲེལ་ལས་སྟེགས་ཀྱི་ཞུ་གཏུག་ཐེར་འདོན་ཐབས་ལམ་བརྒྱུད་ཐེར་འདོན་བྱེད་ཆོག གསུམ་ནི་ས་གནས་ཁག་གིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་བྱེད་རིང་གསར་དུ་ཡོངས་བསྒྲགས་བྱས་པའི་ཐེར་འདོན་ཁ་པར་ཨང་གྲངས་དང་། ཐེར་འདོན་ལས་སྟེགས། ཐེར་འདོན་ས་གནས་དང་ཡིག་སྒམ་སོགས་ནས་ཐེར་འདོན་བྱེད་ཆོག གོང་གསལ་གྱི་ཐབས་ལམ་བརྒྱུད་ཐོབ་པའི་ཁུངས་སྣེར་ཆ་མཚོན་ན། ང་ཚོས་སྒྲུབ་སྤྲོད་དང་། སྒྲུབ་སྐུལ། ཞིབ་བཤེར། ལན་སྤྲོད་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་དང་། དགོས་ངེས་ཀྱི་སྐབས་སུ་རིམ་སྤོར་འཐེན་བཤེར་གྱི་བསྐྱར་བཤེར་ལས་དོན་སྤེལ་ནས་ཞིབ་བཤེར་མཐའ་གསལ་ཡོང་བར་སྐུལ་འདེད་གཏོང་གི་ཡིན། དེ་དང་ཆབས་ཅིག་ཁུངས་སྣེ་གསང་སྲུང་དང་། མི་ལུས་སྲུང་སྐྱོང་། ཐེར་འདོན་ལ་བྱ་དགའ་སྤྲོད་པ་བཅས་ཀྱི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་མང་ཚོགས་ལ་ནག་གཤེད་དང་འབྲེལ་བའི་ཁུངས་སྣེ་རང་འགུལ་ངང་ཐེར་འདོན་བྱ་རྒྱུའི་ཁྲིད་སྟོན་བྱེད་ཀྱི་ཡིན།
8.དྲི་བ། “སྲུང་དྲ”ཡོད་ན་བརྟོལ་བ་དང“སྲུང་གདུགས”ཡོད་ན་གཏོར་དགོས། ཆེད་དོན་འཐབ་རྩོད་ནང་ནག་གཤེད་དང་འབྲེལ་བའི་རུལ་སུངས་དང“སྲུང་གདུགས”ལ་ཞིབ་བཤེར་གཏིང་ཟབ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། འདིའི་ཐད་ལ་བཀོད་སྒྲིག་གང་བྱས་ཡོད་དམ།
ལན། ང་ཚོས་ཐོག་མཐའ་བར་གསུམ་དུ་ནག་སེལ་གཤེད་བཅོམ་དང“སྲུང་དྲ”དང“སྲུང་གདུགས”རྒྱབ་རྩ་གཏོར་རྒྱུར་དུས་གཅིག་ཏུ་སྐུལ་སྤེལ་དང་ཕྱོགས་གཅིག་ཏུ་ཤུགས་རྒྱག་གི་ཡོད། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་སྲིད་ཁྲིམས་ལས་ཁུངས་ཀྱི་གནད་དོན་གྱི་ཁུངས་སྣེ་མྱུར་པོ་སྐྱེལ་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ནག་གཤེད་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་རྒྱབ་ཀྱི་རུལ་སུངས་དང་། “སྲུང་གདུགས”རྒྱབ་རྩ། “འབྲེལ་བའི་དྲ་བ”བཅས་དུས་ཐོག་ཏུ་སྔོག་འཚོལ་བྱས་ཏེ། གཅིག་ཡོད་པ་ཤེས་ཕྱིན་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་པ་ལས་རྒྱ་ཡན་དུ་གཏན་ནས་གཏོང་གི་མིན། སྒྲུབ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ནག་གཤེད་དང་འབྲེལ་བ་ཡོད་པ་དང་རུལ་སུངས་དང་ཡུན་རིང་གཏིང་ཟབ་འབྲེལ་བའི་གྱོད་གཞི་གཙོ་གནད་ཐོག་སྒྲུབ་སྐུལ་བྱེད་ཀྱི་ཡིན། ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་དཔྱོད་མྱུལ་ཞིབ་འགན་ནུས་བཏོན་ཏེ་ཁྲིམས་འཛིན་ལས་དོན་པའི་འབྲེལ་ཡོད་ལས་ཐོག་ཉེས་གསོག་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་སྔོན་ནས་དོགས་ཟོན་བྱེད་སྐབས་ལྟ་སྐུལ་མཐའ་འཁྱོངས་བྱས་ཏེ་སྔ་ཙམ་དང་ཆུང་ས་ནས་དམ་འཛིན་དང་རྐྱེན་རྩ་ཆུང་ཟློག་བྱེད་ཀྱི་ཡིན།
9.དྲི་བ། ཆེད་དོན་འཐབ་རྩོད་ལ་ནག་གཤེད་ཉེས་གསོག་སྔོན་འགོག་དང་བཅོས་སྒྲིག་གི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད། འདིའི་ཐད་བསམ་གཞིག་གང་འདྲ་བྱས་ཡོད་དམ།
ལན། ང་ཚོས་ཆད་གཅོད་དང་སྔོན་འགོག་གལ་ཆེ་མཉམ་འཛིན་དང་རྩ་ལག་མཉམ་བཅོས་བྱས་ཏེ་གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་འགོག་ཟོན་དང་བཅོས་སྒྲིག་ཟམ་མི་ཆད་པར་ཟབ་ཏུ་གཏོང་གི་ཡིན།

