འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཐེན་ཅིན་གྲོང་ཁྱེར་སྨན་བཅོས་བོད་སྐྱོར་རུ་ཁག་གི་གནད་འཕིགས་རོགས་སྐྱོར་འོག གོ་འཇོ་རྫོང་མི་དམངས་སྨན་ཁང་གིས་ས་གནས་དེ་གར་པུས་ཚིགས་བརྗེ་བའི་གཤག་བཅོས་ཐོག་མ་ལེགས་གྲུབ་བྱུང་ཞིང་། རུས་ཚིགས་ཀྱིས་མནར་ཞིང་འགྲོ་སྐྱོད་དཀའ་བའི་བོད་རིགས་མང་ཚོགས་གཉིས་རང་གི་སྒོ་འགྲམ་ནས་ནང་སའི་ཆུ་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་བྱེད་རྒྱུ་བྱུང་བ་རེད། དེའི་ཐོག་ནས་ཐེན་ཅིན་དང་བོད་ལྗོངས་ཀྱི“ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་དོན་མཐའ་འཁྱོལ་ཏེ་དམངས་འཚོར་ཕན་འདོགས་པ་མཚོན་ཡོད།
གོ་འཇོ་རྫོང་ནི་ས་བབ་མཐོ་ཞིང་གྲང་ངར་ཆེ་ལ་དབྱང་རླུང་དཀོན་པ་དང་གནམ་གཤིས་ཀྱི་ཆ་རྐྱེན་ཧ་ཅང་ཞན་པས་རུས་ཚིགས་ན་བའི་ནད་འབྱུང་ཚད་མཐོན་པོ་ཡོད། དུས་ཡུན་རིང་པོའི་ནང་། ས་གནས་མང་ཚོགས་ཀྱིས་ནང་སར་ནད་བཅོས་བྱེད་པར་ས་ཐག་རིང་ཞིང་འགྲོ་གྲོན་མཐོ་ལ་ནད་གཡོག་སྟབས་བདེ་མིན་པ་ཐོན་ཡོད། མང་ཚོགས་ཀྱིས་ནད་བལྟ་བ་དང་སྨན་པ་བསྟེན་རྒྱུའི་དཀའ་ངལ་ཏན་ཏིག་གིས་ཐག་གཅོད་ཐུབ་ཆེད། གོ་འཇོ་རྫོང་འཕྲོད་བསྟེན་བདེ་ཐང་ཚན་པས་རང་འགུལ་ཐོག་ཐེན་ཅིན་གྲོང་ཁྱེར་ཏུང་ལི་ཆུས་ཁ་གཏད་བོད་སྐྱོར་ཐོན་ཁུངས་དང་སྦྲེལ་མཐུད་བྱས་ཏེ། སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་མཐོ་སྒང་དུ་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ཡོད།
ཐེན་ཅིན་གྲོང་ཁྱེར་ཏུང་ལི་ཆུས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཏུང་ལི་ཆུས་སྨན་ཁང་གི་ཏང་ཨུད་ཧྲུའུ་ཅི་སུན་ཀོང་ཧྲན་གྱིས་སྣེ་ཁྲིད་པའི་བོད་སྐྱོར་ཆེད་མཁས་པ་གོ་འཇོར་འབྱོར་རྗེས། དུས་ཐོག་ཏུ་རྫོང་མི་དམངས་སྨན་ཁང་གི་སྨན་དོན་མི་སྣ་དང་ཕན་ཚུན་གཞོགས་བྱས་ཏེ། གཤག་བཅོས་གོང་གི་ཞིབ་བཤེར་དང་། ནད་གཞི་དཔྱད་དཔོག གྲོས་བརྟག་སྣ་མང་གིས་ནད་པའི་ལུས་པོའི་གནས་ཚུལ་དང་ས་མཐོའི་ས་བབ་ཀྱི་ཁྱད་ཆོས་དང་འབྲེལ་ཏེ། རང་སོའི་ཁྱད་ཆོས་ལྡན་པའི་གཤག་བཅོས་ཇུས་གཞི་བཟོས་པ་རེད།
“རང་ཁྱིམ་གྱི་སྒོ་འགྲམ་ནས་གཤག་བཅོས་ཐུབ་པ་དང་། ནང་སར་འགྲོ་མི་དགོས་པ་དེས་སྒོར་མོ་གྲོན་ཆུང་གཏོང་ཐུབ་པ་མ་ཟད་སེམས་ཁྲལ་ཡང་ཆུང་། གཤག་བཅོས་ཧ་ཅང་ལེགས་གྲུབ་བྱུང་སོང་། ང་ཚོས་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ། ཐེན་ཅིན་ནས་ཡོང་བའི་ཆེད་མཁས་པར་ཐུགས་རྗེ་ཆེ་ཞུ”ཞེས་ནད་པའི་ཁྱིམ་མི་བཀྲ་རྡོ་ཡིས་སེམས་འགུལ་ཐེབས་བཞིན་དེ་ལྟར་བཤད།
གོ་འཇོ་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་ལིག་ཏུང་གིས་ཐེངས་འདིའི་པུས་ཚིགས་བརྗེ་བའི་གཤག་བཅོས་ཐུགས་གྲ་འགྲིག་པོའི་ངང་སྤེལ་བ་དེ་ནི་སྨན་ཁང་གི་ཕྱི་ནད་ཚན་ཁག་གི་སྨན་བཅོས་ནུས་པ་མཐོར་འདེགས་གཏོང་བའི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་རེད། “ཐེན་ཅིན་བོད་སྐྱོར་ཆེད་མཁས་པས་ཤེས་བྱ་དམར་ཁྲིད་དང་གནད་སྨིན་བརྒྱུད་ཁྲིད་བཅས་བྱས་པ་དེས་མང་ཚོགས་ཀྱི་ན་ཟུག་ཆུང་ངུ་བཏང་བ་མ་ཟད། ང་ཚོར་གཤག་བཅོས་ཀྱི་ཉམས་མྱོང་ཆེན་པོ་ཞིག་གསོག་འཇོག་བྱས་ཡོད། ང་ཚོས་བོད་སྐྱོར་གྱི་ཐོན་ཁུངས་མུ་མཐུད་ཡག་པོ་བེད་སྤྱོད་བཏང་བའི་ཁར། བརྒྱུད་རོགས་ཁྲིད་གསུམ་བྱས་ནས་ས་གནས་ཀྱི་སྨན་བཅོས་དཔུང་ཁག་གི་ཆེད་ལས་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་རྒྱུ་ཡིན”པའི་བསམ་པ་བསྟན་ཡོད།

