འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་9པའི་ཚེས་7ཉིན། ཆབ་མདོ་གྲོང་ཁྱེར་གྱི་2026ལོའི་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཟླ་བའི་གཅིག་སྡུད་དྲིལ་བསྒྲགས་ཞབས་ཞུའི་ཚོགས་ར་གཙོ་བོའི་བྱེད་སྒོ་དེ་ཇ་རྟའི་ཐང་ཆེན་དུ་སྤེལ་འགོ་ཚུགས་པ་རེད། འཕྲུལ་མིའི་འཁྲབ་སྟོན་དང་AIམཉམ་འགུལ་སོགས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་ཚན་རྩལ་ལས་དོན་པ་དང་། ཚན་རིག་ཁྱབ་གདལ་དང་བླངས་པ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་བཅས་ཧུར་ཐག་ངང་ཞུགས་རྒྱུར་ཡིད་དབང་བཀུག་ཡོད་པ་རེད།
འདི་ལོའི་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཟླ་བས“ ཚན་རྩལ་གྱིས་འཚོ་བར་འགྱུར་ལྡོག་གཏོང་བ་དང་གསར་གཏོད་ཀྱིས་འབྱུང་འགྱུར་ཐོབ་པ”ཞེས་པ་བརྗོད་དོན་དུ་བཟུང་ཡོད། བྱེད་སྒོ་སྤེལ་ཡུལ་དུ་ཚན་རྩལ་འགྲེམས་སྟོན་ཁུལ་དང་། ཚན་རིག་ཁྱབ་གདལ་མཉམ་འགུལ་ཁུལ། དྲིལ་བསྒྲགས་ཞབས་ཞུའི་ཁུལ་སོགས་ཁུལ་མང་པོ་བཙུགས་པ་དང་། འགྲེམས་ཞུགས་ཚན་པ་ཁག་གིས་ཚན་རྩལ་ཁྱབ་གདལ་གྱི་ཀློག་དེབ་སྤྲོད་པ་དང་། ས་ཡུལ་དངོས་སུ་དོགས་གནད་ལ་ལན་འདེབས་པ། དངོས་པོ་འགྲེམས་སྟོན་སོགས་ཀྱི་བྱེད་ཐབས་བརྒྱུད། ནུས་རྒྱུ་གསར་པ་དང་། མི་ཐབས་རིག་ནུས། ཉིང་ལྷེབ་དང་གྲངས་འཛིན་མཚེ་མའི་ལག་རྩལ་སོགས་ཚན་རྩལ་གསར་ཤོས་ཀྱི་གནས་ཚུལ་ལ་དོན་སྙིང་ཟབ་ལ་གོ་བདེ་བའི་འགྲེལ་བཤད་བརྒྱབ་པ་དང་། གེགས་འགོག་གེགས་སེལ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། བཟའ་བཅའི་བདེ་འཇགས། དྲ་རྒྱའི་བདེ་འཇགས། ཞིང་འབྲོག་ཐོན་སྐྱེད་ལག་རྩལ་སོགས་ཀྱི་དངོས་སྤྱོད་ཚན་རྩལ་ཤེས་བྱ་ཁྱབ་གདལ་བཏང་བ་རེད།
ཤེས་རྟོགས་བྱུང་བར་ལྟར་ན། 2026ལོའི་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཟླ་བའི་རིང་། ཆབ་མདོ་ཡིས་གཞི་རིམ་ལ་ཕྱོགས་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ནས། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ཐོན་ཁུངས་ལ་སྤྱི་འདོམས་བྱེད་པ་དང་། ཚན་རིག་ཁྱབ་གདལ“སྡེ་ཚན་ཁག་དྲུག་ལ་སྐྱོད་པའི”བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བ། ཚན་རིག་ཁྱབ་གདལ་གྱི་ཐོན་ཁུངས་སྔར་བས་མང་བ་ཐོན་སྐྱེད་དང་འཚོ་བའི་འཐབ་ཕྱོགས་དང་པོར་ཕྱོགས་པ། གཞི་རིམ་གྱི་ཚན་རིག་ཁྱབ་གདལ་གྱི་ཞན་ཆ་ཟམ་མི་ཆད་པར་སེལ་བ་བཅས་བྱས་ནས། ཚན་རིག་ཁྱབ་གདལ་གྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཤར་གཏོང་བྱ་རྒྱུ་ཡིན་པ་རེད།

