འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་9པའི་ཚེས་4ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་ཏང་ཙུའི་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ནས། སློབ་གསོའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་རྨང་གཞིའི་སློབ་གསོའི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་པ་རེད།
ཚོགས་འདུའི་ཐོག སློབ་གསོ་ནི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རྨང་གཞི་ཡིན། སློབ་གསོའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་ཆབ་སྲིད་ཁ་ཕྱོགས་ཀྱི་རྩ་བའི་བླང་བྱ་ཡོད་ལ། སྒྱུར་བཅོས་ཐབས་ལམ་གྱི་ཞིབ་ཕྲའི་མཛུབ་ཁྲིད་ཀྱང་ཡོད་པས། ངེས་པར་དུ་གཞི་གཅིག་སློབ་སྦྱོང་དང་གཞི་གཅིག་ལག་བསྟར་བྱས་ཏེ། ཆབ་མདོའི་སློབ་གསོ་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བའི་བསམ་ཕྱོགས་དང་བྱ་སྤྱོད་དངོས་ལ་འགྱུར་བ་བྱེད་དགོས་ཞེས་བཏོན་ཡོད།
ཚོགས་འདུའི་ཐོག ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཆེན་པོའི་ཐོག་ནས་སློབ་གསོར་ལྟ་བ་དང་། འཐབ་ཇུས་ཆེན་པོའི་ཐོག་ནས་སློབ་གསོ་གཉེར་བ། དམངས་འཚོ་ཆེན་པོའི་ཐོག་ནས་སློབ་གསོར་དམ་འཛིན་བྱེད་པ། སློབ་གསོའི་ཆབ་སྲིད་ཀྱི་ངོ་བོ་ཁོང་དུ་བརྟན་པོ་ཆུད་པ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དེ་སློབ་གསོ་སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་དགོས། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ལ་དམིགས་ནས། སློབ་གསོ་ཞིབ་འཇུག་དང་སློབ་ཁྲིད་ལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ་དང་། དགེ་རྒན་གསོ་སྐྱོང་དང་མཐོར་གཏོང་གི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སློབ་ཁྲིད་ཀྱི་ཞན་ཆ་སེལ་བ། སློབ་ཁྲིད་ཀྱི་སྤུས་ཚད་ལེགས་སུ་གཏོང་བ་བཅས་བྱེད་དགོས། སློབ་གྲྭའི་རིག་གནས་ཀྱི་གཡུལ་ས་སྟོབས་ཆེར་གཏོང་བ་དང་། མི་སྣ་གསོ་སྐྱོང་གི་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ། ཤེས་དཔལ་སློབ་གྲྭའི་དར་སྲོལ་ལེགས་སུ་གཏོང་བ་བཅས་བྱས་ཏེ། སློབ་གྲྭའི་ཕུལ་བྱུང་རིག་གནས་དེ་མི་སྣ་གསོ་སྐྱོང་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་དགོས། སློབ་གྲྭའི་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་བ་དང་བརྙས་བཅོས་སྔོན་འགོག་དང་། སེམས་ཁམས་བདེ་ཐང་། བཟའ་བཅའི་བདེ་འཇགས། འགྲིམ་འགྲུལ་བདེ་འཇགས། མེ་ཟོན་བདེ་འཇགས། འགོ་ནད་འགོག་བཅོས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་ཏེ། གྲལ་བཤེར་དང་། སྔོན་བརྡ། ཐེ་གཏོགས་བཅས་ཀྱི་ཟླུམ་འཁོར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སློབ་མ་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་ཡོད།

