འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་9ཚེས་3ཉིན་གྱི་སྔ་དྲོ།གྲོང་ཨུད་སྤྱི་ཚོགས་ལས་དོན་པུའུ་དང་ །གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས། གྲོང་ཁྱེར་ཞིང་ལས་གསར་སྤེལ་ཚོགས་པས་གྲོང་ཨུད་ཀྱི“དམར་མངས་ཆབ་མདོ།དར་རྒྱས་ཡར་བརྩོན།”གྱི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ“དམར་མདངས་ཆབ་མདོའི་ཡར་བརྩོན་རུ་ཁག”གི་དར་ཆ་སྤྲོད་པའི་མཛད་སྒོ་དང་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ཕྱོགས་སྒྱུར་འབབ་འཕར་ལ་རམ་འདེགས་བྱེད་པའི་བྱེད་སྒོ་མཉམ་འབྲེལ་ཐོག་སྤེལ་ནས་སྲོལ་རྒྱུན་གྱི་ཞིང་འབྲོག་མང་ཚོགས་དེང་རབས་ཀྱི་ཐོན་ལས་བཟོ་པར་ཕྱོགས་སྒྱུར་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།
སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་བསྟུན་ནས་དར་ཆ་དངོས་སུ་སྤྲད་པ་དང་རུ་ཁག་ཁག་གི་རུ་དཔོན་ཚོས་རིམ་པ་བཞིན་དར་ཆ་བླངས་ཤིང་།
“དམར་མདངས་ཆབ་མདོའི་ཡར་བརྩོན་རུ་ཁག”8བདེ་བླག་ངང་བཙུགས་པ་དེས་གྲོང་ཁྱེར་ཞིང་ལས་གསར་སྤེལ་ཚོགས་པས་གྲོང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་ལག་ལེན་ཞིག་ཡིན་པ་མ་ཟད། ཞིང་འབྲོག་མང་ཚོགས་ལ་ས་གནས་དེ་རང་དང་ཐག་ཉེ་ས་ནས་ལས་ཞུགས་ཐབས་ལམ་ཤར་གཏོང་ཐུབ་སྟེ་ཁ་ཐོར་གྱི་ཨར་ལས་བྱེད་པ་དེ་རྩ་འཛུགས་ཅན་གྱི་ངལ་ནུས་ཕྱིར་གཏོང་ལ་འཕེལ་འགྱུར་འགྲོ་རྒྱུར་སྐུལ་འདེད་དང་སྲོལ་རྒྱུན་གྱི་ཞིང་འབྲོག་པ་དེང་རབས་ཐོན་ལས་བཟོ་པར་ཕྱོགས་སྒྱུར་ལ་རམ་འདེགས་བྱེད་པའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་ཀྱང་ཡིན་ལ།གྲོང་ཁྱེར་དེ་ཡོངས་ཀྱི་འཕེལ་རྒྱས་ཆེད་ངལ་ནུས་སྟོབས་ཤུགས་བརྟན་པོ་ཞིག་ཀྱང་རེད།
མིག་སྔར། རྣམ་གྲངས་ཀྱི་དགོས་མཁོར་གཞིགས་ནས་མི་700ཙམ་ལ་གནས་སྐབས་ལས་ཞུགས་ཐུབ་ཡོད། གོམ་སྟབས་རྗེས་མར། གྲོང་ཁྱེར་ཞིང་ལས་གསར་སྤེལ་ཚོགས་པས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཕྱིར་གཏོང་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ཏེ། དཔུང་ཁག་གསོ་སྐྱོང་ཡག་པོ་དང་། ཕྱིར་སྐྱེལ་བ། ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་པ། འབབ་འཕར་འབྱོར་ཕྱུག་དང་ཡར་བརྩོན་བྱེད་མཁན་ཡག་པོ་བྱེད་པ་བཅས་ཀྱི་ཐོག་ནས་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་རེད་འདུག
གྲོང་ཁྱེར་ཞིང་ལས་གསར་སྤེལ་ཚོགས་པའི་སྤྱི་ཁྱབ་ཅིང་ལིས་ཀྱི་ལས་རོགས། ནགས་ལས་ཀུང་སིའི་ཏང་ཀྲི་པུའི་ཧྲུའུ་ཅི་ཏུང་ཧྲི་ཀྲང་བཅས་ཡིན་པའི་ཚེ་བརྟན་བཀྲ་ཤིས་ཀྱིས“ང་ཚོས་གཙོ་བོའི་རྒྱལ་ཁབ་ས་ཆ་སྔོ་བསྒྱུར་དང་སྐྱེ་ཁམས་སླར་གསོའི་རྣམ་གྲངས་ཁག་ནང་དུ་ས་གནས་དེའི་ཞིང་འབྲོག་པ་སྒྲིག་འཛུགས་བྱས་ཏེ། སྐྱེ་ཁམས་འཛུགས་སྐྱོང་དང་རྩལ་ནུས་སྦྱོང་བརྡར་བྱས་པ་དེ་བཞིན་བདེ་འཇགས་འགན་ལེན་ཡོང་བ་བྱས་ནས། ཞིང་འབྲོག་པ་དེང་རབས་ཅན་གྱི་ཐོན་ལས་དང་སྐྱེ་ཁམས་འཛུགས་སྐྱོང་བྱེད་པའི་ནང་ཡོང་འབབ་འཕར་ནས་ཕྱུག་པོ་འགྱུར་བ་བྱས་ཡོད་ལ། ང་ཚོའི་རྒྱལ་ཁབ་ཀྱི་བདེ་འཇགས་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་དེར་སྲུང་སྐྱོང་ཡག་པོ་ཐུབ་པ་བྱས་ཡོད”ཅེས་བཤད།

