འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་འགོ་ཚུགས་པའི་ཚུན་དུ། གྲོང་ཨུད་ཀྱིས་དུས་ཐོག་ཏུ་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་དང་གྲོང་ཁྱེར་ཡོངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་གཏོང་བའི་སྐུལ་འདེད་ཚོགས་འདུ་འཚོགས་ནས་ཞིབ་ཕྲའི་བཀོད་སྒྲིག་བྱས་པ་རེད། ཉེ་ཆར། གྲོང་ཁྱེར་ཡོངས་ཀྱི་ནག་སེལ་འཐབ་ས་དང་པོས་གྲོང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ། ཐོག་རྒོད་ཀྱི་གནས་བབ་ལ་བརྟེན་ནས་སྲོལ་རྒྱུན་གྱི་ཉེས་གསོག་ནས་རྣམ་པ་གསར་པའི་དྲ་རྒྱའི་ནག་ཚོགས་དང་། ལས་རིགས་བཙོག་ཟིང་བཅོས་སྒྲིག་ནས་སྤྱི་ཚོགས་ཐོག་དྲིལ་བསྒྲགས་དང་སྐུལ་སློང་བྱེད་པའི་བར་ཆེད་དོན་འཐབ་རྩོད་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད་པ་རེད།
གྲོང་ཁྱེར་ནག་སེལ་གཞུང་དོན་ཁང་གི་གཅིག་སྡུད་གཞུང་དོན་ས་ཚིགས་སུ། གསར་འགོད་པས་ལས་ཀར་བྲེལ་བ་ཆེ་ཡང་གོ་རིམ་ལྡན་པ་དང་། ལས་ཀའི་ཆེད་དོན་ཚན་ཁག་གི་ཁོངས་མིས་ཁུངས་སྣེའི་རྩིས་ཁྲ་གསར་པ་ཁག་གཅིག་ལེགས་སྒྲིག་ཞིབ་ཚགས་བྱེད་བཞིན་ཡོད་པ་མཐོང་།
གྲོང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་འབྱོར་རྗེས། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ནག་སེལ་གཞུང་དོན་ཁང་གིས་དུས་ཐོག་ཏུ་ཆེད་ཚན་བཙུགས་ཏེ་གཅིག་སྡུད་གཞུང་དོན་བསྒྲུབ་པ་དང་། མཉམ་ཞུགས་ཚོགས་འདུ་དང་ཁུངས་སྣེ་ཕྱོགས་གཉིས་རྩིས་སྤྲོད་ཚུར་ལན། གྱོད་གཞི་གྲོས་བསྡུར་དང་ཞིབ་གཅོད་སོགས་ཕན་ནུས་ལྡན་པའི་མཐུན་སྦྱོར་ལམ་སྲོལ་རབ་དང་རིམ་པ་ཕྱོགས་ཡོངས་ནས་བཙུགས་ཏེ་ལས་ཀའི་མཉམ་ཤུགས་ཆེན་པོ་ཆགས་པ་བྱས་ཡོད་པ་རེད།
གྲོང་ཁྱེར་ནག་སེལ་གཞུང་དོན་ཁང་གི་ལས་དོན་མི་སྣ་ཆིན་ཧྭ་ཧྥེ་ཡིས“ ང་ཚོས་གཟའ་འཁོར་རེར་བཀོད་གཏོང་དང་། ཟླ་རེར་ཞིབ་གཅོད། དུས་ཚིགས་རེར་བརྡ་ཁྱབ་གཏོང་བའི་ལམ་སྲོལ་བཙུགས་ཏེ། ད་ལྟ་ཆེད་དོན་འཐབ་རྩོད་ཀྱི་བཀོད་སྒྲིག་ཁག་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད། ”ཅེས་ངོ་སྤྲོད་བྱས་ཡོད། ཁུངས་སྣེ་རྒྱ་ཁྱབ་ངང་འཚོལ་བསྡུ་བྱ་ཆེད། འབྲེལ་ཡོད་ཚན་པས་སྤྱི་བསྒྲགས་སྤེལ་བ་དང་འཕྲིན་ཐུང་བསྐུར་བ་སོགས་ཀྱི་ལམ་ནས་སྤྱི་ཚོགས་ལ་ཐེར་འདོན་གོང་ཞུའི་ཁ་པར85དང་། ཐེར་འདོན་གོང་ཞུའི་ཡིག་སྒམ་210ཡོངས་བསྒྲགས་བྱས་པ་རེད། མིག་སྔའི་བར། གནད་དོན་གྱི་ཁུངས་སྣེ11བདག་སྤྲོད་བྱས་པ་ལས་ཁུངས་སྣེ5ཐག་གཅོད་ལེགས་སྒྲུབ་བྱུང་བ་དང་། ཁུངས་སྣེ3རྩད་ཆོད་པ། གྱོད་གཞི་1གི་ཁུངས་སྣེ་བསྒྱུར་སྤྲོད་བྱས་པ་ཡིན།
རྡུང་རྡེག་བཏང་ནས་ཕན་འབྲས་ཐོབ་པ་བྱ་རྒྱུ་ནི་ཆེད་དོན་འཐབ་རྩོད་ཀྱི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་པའི་ཆེས་ཐད་ཀའི་ཚད་གཞི་དེ་ཡིན། གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པ་པའེ་ཞའོ་རུང་གིས“སྲོལ་རྒྱུན་གྱི་ནག་ཚོགས་གཏུམ་སྤྱོད་ཐད་ང་ཚོས་གྱོད་གཞི་8མྱུལ་ཞིབ་རྩད་ཆོད་ཐུབ་ནས་ཉེས་གསོག་དོགས་ཅན་མི19བཟུང་ཡོད། ང་ཚོས་གྱོད་གཞི་3མྱུལ་ཞིབ་རྩད་ཆོད་ཐུབ་པའི་ཁར་ཉེས་གསོག་དོགས་ཅན་3བཟུང་ཡོད”ཅེས་བཤད།
ཆེད་དོན་འཐབ་རྩོད་བྱེད་པར“རྡུང་རྡེག”ལ་རག་ལས་པ་མ་ཟད་དེ་བས“བཅོས་སྒྲིག” ལ་ཐུག་ཡོད། མང་ཚོགས་ཀྱིས་བསམ་འཆར་ཆེ་ཤོས་ཀྱི་ལས་རིགས་ཀྱི་ཟང་ཟིང་ཆེ་བའི་སྣང་ཚུལ་དང་ལྟ་སྐུལ་དོ་དམ་མི་འདང་བའི་ས་ཁུལ་ལ་དམིགས་ནས་གྲོང་ཁྱེར་ཡོངས་ཀྱིས་གནད་འཕིགས་ཤུགས་འདོན་བྱས་ཏེ། དྲ་རྒྱའི་བར་མཐོངས་དང་། རང་བྱུང་ཐོན་ཁུངས། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་གཙོ་གནད་ཁྱབ་ཁོངས་སུ་ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱས་ཡོད། བྱ་སྤྱོད་སྤེལ་བའི་ཚུན་དུ་དྲ་རྒྱའི་སྐྱེ་ཁམས་ལ་གཏོར་བཤིག་གཏོང་བའི་ཟང་ཟིང་གི་སྣང་ཚུལ་ཁྱོན་124ཐག་གཅོད་བྱས་པ་དང་། རང་བྱུང་ཐོན་ཁུངས་ཁྱབ་ཁོངས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཐེངས་41གཏན་འགོག་བྱས་པ།《སྲིད་འཛིན་ཆད་གཅོད་ཀྱི་གཏན་འབེབས》ཐེངས་4གཤམ་སྤྲོད་བྱས་པ། དངུལ་ཆད་སྒོར་ཁྲི་23དང་7000ལྷག་ཟིན་ཡོད་པ་རེད།
ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་ཆབས་ཅིག དྲིལ་བསྒྲགས་སྐུལ་སློང་ཡང་དུས་གཅིག་ཏུ་སྤེལ་བཞིན་ཡོད་པ་དང་། གྲོང་ཁྱེར་ནག་སེལ་གཞུང་ལས་ཁང་གིས་འབྲེལ་ཡོད་ཁེ་ལས་ལ་མཐུན་སྦྱོར་བྱས་ཏེ་གློག་རྡུལ་བརྙན་ཤེལ་དང་། སྤྱི་སྤྱོད་རླངས་འཁོར་བབས་ཚུགས། བོགས་གཏོང་རླངས་འཁོར་གྱི་བརྙན་ཤེལ་སོགས་སུ་རིམ་འདེད་ངང་ཆེད་དོན་འཐབ་རྩོད་ཀྱི་སྦྱར་ཡིག་ཐེངས་240བསྟན་པ་དང་། ཁོངས་མིའི་ཚན་པ་ཁག་འཐབ་ཕྱོགས་དང་པོར་ཕེབས་ནས་དྲིལ་བསྒྲགས་བྱེད་སྒོ་ཐེངས་30སྤེལ་བ། མང་ཚོགས་ཀྱིས་གོ་ཐུབ་པ་དང་བློ་ལ་བརྟན་པོར་ངེས་ཐུབ་པའི་སྐད་ཆ་སྤྱད་དེ་སྲིད་ཇུས་དང་ཁྲིམས་སྲོལ་ཁྱབ་གདལ་བཏང་བ་རེད། སྨྱན་སྦྱོར་གསར་པའི་ལས་སྟེགས་ཀྱིས་དུས་གཅིག་ཏུ་ཤུགས་སྣོན་བརྒྱབ་ནས་དཔེ་མཚོན་གྱོད་དཔེ་དང་ལས་ཀའི་གནས་ཚུལ་རྒྱུན་མཐུད་ངང་ཁྱབ་བསྒྲགས་བྱས་ཏེ། གྱོད་དཔེས་ཁྲིམས་འགྲེལ་གྱོད་དཔེས་སློབ་གསོར་སྐུལ་འདེད་བཏང་སྟེ་དྲིལ་བསྒྲགས་ཀྱི་ཁྱབ་རྒྱ་དང་ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་རེད།
གྲོང་ཁྱེར་ནག་ཚོགས་གཞུང་དོན་ཁང་གི་ལས་དོན་མི་སྣ་ཆིན་ཧྭ་ཧྥེ་ཡིས“ གོམ་སྟབས་རྗེས་མར། གྲོང་ཁྱེར་ཡོངས་ཀྱི་ནག་སེལ་འཐབ་ཕྱོགས་ཀྱིས་དམ་བསྒྲགས་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ་སེམས་ཤུགས་སྔར་ལས་ཆེ་བ་དང་། སྟོབས་ཤུགས་སྔར་ལས་ཆེ་བ། བྱེད་ཐབས་སྔར་ལས་ཡག་པ་བཅས་ཀྱི་ཐོག་ནས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལ་མུ་མཐུད་ནས་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་སྟེ་མི་དམངས་མང་ཚོགས་ཀྱི་བདེ་སྣང་དང་བློ་ཡིད་ཚིམ་ཚད་ཆེ་རུ་གཏོང་རྒྱུ་ཡིན”ཞེས་བཤད།

