国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年09月04日

ཀྲོང་ཅིན་སུང་གིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་9པའི་ཚེས་1ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་ཀྱང་གནང་བ་རེད།

ཚོགས་འདུ་འགོ་ཚུགས་སྐབས་ཚང་མས་ཡར་ལངས་ནས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་ཆུ་རུད་ཀྱི་གནོད་འཚེའི་ཁྲོད་རྐྱེན་ལམ་དུ་ཤོར་མཁན་ལ་ངག་བསྡམས་ནས་མྱ་ངན་ཞུས་པ་རེད།

ཚོགས་འདུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན། འཚམས་འདྲིའི་གློག་འཕྲིན་གལ་ཆེན་བཅས་ནི་གཙོ་དོན་ཁ་གསལ་ཞིང་ནང་དོན་ཕུན་སུམ་ཚོགས་ལ་གནོད་འགོག་གེགས་སེལ་སོགས་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བཏབ་པས་དེ་ནི་ང་ཚོས་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་ཞིག་ཡིན། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་། ཤེས་དད་སྦྱོར་གསུམ་གཅིག་གྱུར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་དེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་སྐྲུན་པའི་དངོས་སྒྲུབ་ཀྱི་གྲུབ་འབྲས་དངོས་ལ་འགྱུར་བ་བྱེད་དགོས་ཞེས་བསྟན།

ཚོགས་འདུ་ཡིས་གྲོང་ཁྱེར་ཡོངས་ཀྱི་རྩིས་བཤེར་ལས་དོན་གྱི་གནས་ཚུལ་སྙན་ཞུ་གསན་ཞིང་། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་དགོས་ཤིང་། རྩིས་བཤེར་ནན་པོ་བྱེད་ཕོད་པ་དང་། བཤད་ཕོད་པ། སྒྲུབ་ཕོད་པ། ཁྱབ་རྒྱ་དང་གཏིང་ཚད་ཆེ་རུ་གཏོང་བ། ལྟ་སྐུལ་དོ་དམ་གྱི་ལོང་ཁུལ་མེད་པ་བཟོ་བ།“མཉམ་ཤུགས”ཡག་པོ་རྒྱག་པ་བཅས་བྱས་ཏེ“དཔེ་མཚོན་གཅིག་ལ་རྩིས་བཤེར་དང་ཡུག་ཁུལ་གཅིག་ཚད་ལྡན་དུ་འགྱུར་བ་བྱེད་དགོས་པའི”ནན་བཤད་གནང་ཡོད།

ཚོགས་འདུ་ཡིས་གྲོང་ཁྱེར་ཡོངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་དང་། སྤྱི་བདེ། དུག་འགོག་བཅས་ཀྱི་ལས་དོན་སྤེལ་ཚུལ་གྱི་སྙན་སེང་གསན་ཞིང་། དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱེད་པ། སྲིད་འཛིན་ཁྲིམས་བསྟར་དང་ཉེས་དོན་ཁྲིམས་འཛིན་གྱི་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། ནག་སེལ་གཤེད་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་གི་གྱོད་གཞི་མྱུལ་ཞིབ་ཐག་གཅོད་ནན་པོ་བྱེད་པ། སྤྱི་ཚོགས་ལ་བསླད་སྐྱོན་གཏོང་བའི་དུག་སྐྲན་གཙང་སེལ་བྱེད་པ། རྡུང་རྡེག་དང་འགོག་ཟོན། དོ་དམ། དམ་བསྒྲགས། དྲིལ་བསྒྲགས་བཅས་གཞི་གཅིག་ལ་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་ཀྱིས་དུག་འགོག་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་བ་དང་ཉམས་སད་ཐེག་ཐུབ་པའི་སྤྱི་བདེའི་དཔུང་སྡེ་ཞིག་གཏོད་དགོས་པའི་ནན་བཤད་གནང་ཡོད།

ཚོགས་འདུ་ཡིས་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་བྱས་ཤིང་།“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་འགྲན་བསྡུར་གྱི་དཔལ་འབྱོར་སྐྱེད་སྲིང་དང་། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་གི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་སྟེ་མི་དམངས་མང་ཚོགས་ཀྱིས་ཚོར་ཐུབ་པར་བྱེད་དགོས་པའི་ནན་བཤད་གནང་ཡོད།

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།