国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年09月04日

དཔལ་འབར་རྫོང་དུ་རྒྱལ་ལམ349ཡི་འགྲིམ་འགྲུལ་ལེགས་ཆ་ཡིས་ཡུལ་སྐོར་ཐོན་ལས་ལ་གསོན་ཤུགས་གསར་པ་རྒྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། རྒྱལ་ལམ349ཡི་ཁྲོན་བོད་དབུས་རྒྱུད་ལམ་ཐིག་ཏུ་སྒེར་འཁོར་བཏང་ནས་ཡུལ་སྐོར་འགྲོ་མཁན་ཇེ་མང་དུ་སོང་བ་དང་བསྟུན་ནས། དཔལ་འབར་རྫོང་དུ་ལོ་འཁོར་གྱི་ཡུལ་སྐོར་བྱེད་མང་བའི་དུས་ཚིགས་ཤར་ཡོད། ཉིན་ཤས་བསྟུད་མར། རྫོང་ཁོངས་ཀྱི་མགྲོན་ཁང་དང་། དམངས་སྲོལ་མགྲོན་ཁང་དུ་ཡུལ་སྐོར་བ་སྡོད་མཁན་མང་དུ་ཕྱིན་ནས་རིག་གནས་ཡུལ་སྐོར་ཁྲོམ་ར་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཡོད་པ་རེད།

རྒྱལ་ལམ349ཡི་འགྲིམ་འགྲུལ་ས་ཁོངས་ཀྱི་ལེགས་ཆ་དང་ཐུན་མོང་མ་ཡིན་པའི་རང་བྱུང་སྐྱེ་ཁམས་ཀྱི་ཐོན་ཁུངས་ལ་བརྟེན་ནས། དཔལ་འབར་རྫོང་གི་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་རྣམ་པ་བཟང་པོ་ཞིག་ཆགས་པ་དང་། མཛེས་ལྗོངས་ཁུལ་ཆེ་གྲས་ཁག་ཏུ་ཡུལ་སྐོར་བ་མང་པོ་འཛོམས་ཡོད་པ་རེད། མཚོན་རྟགས་རང་བཞིན་གྱི་ཡུལ་སྐོར་གནས་མཆོག་མདོག་གསུམ་མཚོའི་མཚོ་ནག་གི་ལྷིང་འཇགས་དང་། མཚོ་དཀར་གྱི་དྭངས་གཙང་། མཚོ་སེར་གྱི་བཀྲག་མདངས་བཅས་ཐུན་མོང་མ་ཡིན་པའི་མཛེས་ཉམས་མངོན་པ་དང་། སྨུག་ལོང་ཁྲོད་ཀྱི་གངས་རིའི་མཛེས་ལྗོངས་གཉིས་ཟུང་འབྲེལ་བྱུང་ཡོད་པས། ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད།ཤར་གངས་ལའི་རི་ཉག་དང་། ལྗང་ལྷ་མཚོའི་འདམ་ར་སྤྱི་གླིང་། ལོ་ངོ་སྟོང་གི་སྟར་བུ་གླིང་སོགས་མཛེས་ལྗོངས་མང་པོ་མུ་མཐུད་དར་རྒྱས་འགྲོ་བ་དང་། རྩྭ་ཐང་གི་ཆུ་ཕྲན་དང་། ལོ་ངོ་སྟོང་གི་སྟར་བུ་གླིང་། གངས་རིའི་ཕྲེང་བ་བཅས་རིམ་པ་ཕུན་སུམ་ཚོགས་པའི་གདོད་མའི་ས་མཐོའི་ཡུལ་ལྗོངས་ཤིག་གྲུབ་ཡོད་པས། སྒེར་འཁོར་བཏང་ནས་ཡུལ་སྐོར་འགྲོ་མཁན་མང་པོ་གནས་འདིར་དགའ་དྲག་ནས་ཕ་ཡུལ་ལ་ལོག་མི་འདོད་པ་ལྟ་བུ་གྱུར་ཡོད་པ་རེད།

དབྱར་ཁ་ཤར་མ་ཐག དཔལ་འབར་རྫོང་གི་མགྲོན་ཁང་དང་། དམངས་སྲོལ་མགྲོན་ཁང་དུ་སྡོད་མཁན་མི་ཡང་མང་དུ་སོང་སྟེ་ལོ་ཧྲིལ་པོར་ཡུལ་སྐོར་ཡོང་མཁན་མང་བའི་དུས་མཚམས་ཤིག་ལ་སླེབས་ཡོད། ཡུལ་སྐོར་བ་མང་ཆེ་བ་རྒྱལ་ལམ349རྒྱུད་དེ་སྒེར་འཁོར་བཏང་སྟེ་ཁྲོན་བོད་དབུས་རྒྱུད་ལམ་ཐིག་བརྒྱུད་ནས། ཆེད་མངགས་དཔལ་འབར་རྫོང་གི་མཐོ་སྒང་སྦས་ལུང་ལ་ཡུལ་སྐོར་སྐྱོད་ཀྱི་ཡོད། སྤུས་ལེགས་ཀྱི་ལམ་བུ་དང་མཛེས་ཤིང་ལྟ་ན་སྡུག་པའི་ལམ་རྒྱུད་མཛེས་ལྗོངས་ཀྱིས་གནས་འདི་གར་སྒེར་འཁོར་བཏང་ནས་ཡུལ་སྐོར་ཡོང་མཁན་མང་པོ་ཞིག་གིས་དང་པོ་གདམས་ག་བྱེད་པའི་དམིགས་སར་གྱུར་ཡོད་པ་རེད།

མིག་སྔར། རྒྱལ་ལམ349དཔལ་འབར་དུམ་བུའི་རླངས་འཁོར་འགྲོ་ཚད་བརྟན་པོའི་ངང་འཕར་བ་དང་། ལམ་རྒྱུད་ཀྱི་མཛེས་ལྗོངས་ཉམས་དགའ་བ་དང་། ལམ་ཐོག་ནས་འགྲིམ་འགྲུལ་ཤར་གཏོང་ཐུབ་ཡོད། དཔལ་འབར་ལ་གདོད་མའི་སྐྱེ་ཁམས་ཀྱི་ས་མཐོའི་མཛེས་ལྗོངས་ཡག་པོ་ཡོད་ཀྱང་། མི་ཚོགས་ཀྱི་འཚང་ཁ་མེད་པ་དང་། ལུས་བདེ་སེམས་སྐྱིད་ཡོང་བ། བརྗིད་ཉམས་ཆེ་བའི་དགེ་མཚན་ཡོད་པས་ས་གནས་ཁག་གི་ཡུལ་སྐོར་བ་ཚོས་འདིར་དགའ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་རེད།

མཛེས་ལྗོངས་ཁུལ་གྱི་འགྲུལ་པ་མུ་མཐུད་མང་དུ་འགྲོ་བ་དང་། མགྲོན་ཁང་དང་དམངས་སྲོལ་མགྲོན་ཁང་རྣམས་ལ་རྒྱུན་དུ་འགྲུལ་པས་ཁེངས་ཤིང་། རྒྱལ་ལམ་ཐོག་ནས་རླངས་འཁོར་གཏོང་མཁན་རྒྱུན་ཆད་མེད་པ་དེ་དཔལ་འབར་རྫོང་གི་རིག་གནས་དང་ཡུལ་སྐོར་ཐོན་ལས་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བའི་གསོན་ཤུགས་མངོན་ཡོད་པ་རེད།