གནོད་འགོག་གནོད་སེལ་སོགས་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀོད་སྒྲིག་གལ་ཆེན་དང་བླང་བྱ་ཁ་གསལ་དག་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གཙོ་སྐྱོང་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ལྷན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཚོགས་འདུའི་དགོངས་དོན་གཞིར་བཟུང་།“མི་དམངས་གོང་དུ་བཀུར་བ་དང་། ཚེ་སྲོག་གོང་དུ་བཀུར་བའི”འདུ་ཤེས་ཟབ་ཏུ་གཏོང་བ་དང་། རི་མཐོ་གཡང་གཟར་དང་ས་གཤིས་རྙོག་འཛིང་ཆེ་བའི་དོན་དངོས་ལ་གཞི་ཚུགས་པ། ཉེ་དུས་ཆར་པ་མང་པོ་བབས་པར་དམིགས་པ་བཅས་བྱས་ནས། ཉེན་ཁའི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ། གནོད་འགོག་གནོད་སེལ་གྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་ཡོད།
གནམ་གཤིས་ལྟ་ཞིབ་ཚད་ལེན་གྱི་སྔོན་ཚུད་ཉེན་བརྡ་ནི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་འགག་སྒོ་དང་པོ་དེ་ཡིན། ཆབ་མདོ་གྲོང་ཁྱེར་གནམ་གཤིས་ཅུད་ཀྱིས་ཆུ་འབྲུབ་དུས་ཀྱི་གནམ་གཤིས་ཁྱད་ཆོས་ལ་དམ་པོར་དམིགས་པ་དང་། གནམ་གཤིས་འགྱུར་ལྡོག་འགྲོ་ཕྱོགས་ལ་དམ་པོར་དམིགས་པ། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ། གྲོས་མོལ་དང་ཞིབ་འཇུག་བརྡར་གཅོད་བཅས་བྱས་ཏེ་བརྒྱུད་རིམ་ཧྲིལ་པོའི་ལས་དོན་ལ་ཞབས་འདེགས་ཞུས་ནས་གྲོང་ཁྱེར་ཡོངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་གནད་སྨིན་ཇུས་བསྟར་དང་སྔོན་ཚུད་ནས་ཉེན་གཡོལ་བྱ་ཆེད་ཚན་རིག་དང་མཐུན་པའི་གནམ་གཤིས་ཀྱི་འདེགས་སྐྱོར་བྱས་པ་རེད།
གྲོང་ཁྱེར་གནམ་གཤིས་ཅུད་ཀྱི་སྔོན་བརྡ་གཏོང་མཁན་ཤེས་རབ་སྒྲོལ་མ་ཡིས“ཉེ་དུས་རང་རེའི་གྲོང་ཁྱེར་དུ་ཆར་པ་མང་པོ་བབས་པས། ངེད་ལས་ཁུངས་ཀྱིས་ཆུ་འབྲུབ་དུས་ཀྱི་གནམ་གཤིས་ཞབས་ཞུའི་བླང་བྱ་ཁག་དོན་འཁྱོལ་ནན་པོ་བྱས་ཏེ། ཉིན་གསུམ་གྱི་སྔོན་ཚུད་ནས་ཆར་པ་བབས་པའི་གནས་ཚུལ་ཁྱབ་བསྒྲགས་བྱེད་པ་དང་། ལས་རེས་ལ་ཤུགས་སྣོན་རྒྱག་པ། གནམ་གཤིས་ལ་ལྟ་ཞིབ་ཚད་ལེན་བྱེད་པ། དྲག་ཆར་བབས་པའི་སྔོན་བརྡའི་བརྡ་རྟགས་དང་། དུས་ཐུང་གནམ་གཤིས་ཀྱི་གནས་ཚུལ། ཆར་པ་བབས་ཚུལ་གྱི་མྱུར་འཕྲིན་སོགས་ཀྱི་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བཅས་བྱ་རྒྱུ་མ་ཟད། ཏང་ཨུད་དང་། སྲིད་གཞུང་། འཕྲལ་སྡོམ། རང་བྱུང་ཐོན་ཁུངས་སོགས་འབྲེལ་ཡོད་ཚན་པར་སྙན་སེང་ཞུས་ནས་གེགས་འགོག་གེགས་སེལ་དོན་དུ་གནམ་གཤིས་ཅུད་ཀྱི་ནུས་པ་འདོན་གང་ཐུབ་བྱ་རྒྱུ་ཡིན”ཞེས་བཤད།
རི་བོ་མཐོ་ཞིང་གཡང་གཟར་ལ་ས་གཤིས་ཀྱི་གྲུབ་ཆ་རྙོག་འཛིང་ཆེ་བ། གནོད་འཚེའི་མངོན་མེད་རྐྱེན་ངན་མང་བ་བཅས་ཀྱི་དོན་དངོས་ལ་དམིགས་ནས། གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུད་ཀྱིས་འབྱུང་རྩ་ནས་དོ་དམ་ཚོད་འཛིན་དང་། གནད་སྨིན་གྲལ་བཤེར། འགུལ་རྣམ་བཅོས་སྒྲིག་བཅས་མཐའ་འཁྱོངས་ཀྱིས་རང་བྱུང་གྲོང་ཚོ་ཉིད་གཞི་རྩའི་ཚན་པར་བྱས་ཏེ། གྲོང་ཚོ་རེ་རེར་ཉེན་ཁ་གྲལ་བཤེར་བྱེད་པ་དང་། སྔོན་ཚུད་ནས་ཉེན་བརྡ་གཏོང་བའི་ལས་ཀའི་ལམ་སྲོལ་དོན་འཁྱོལ་བྱས་ཏེ། དུད་ཚང་དང་མི་སྒེར་ལ་བརྡ་ཐོ་གཏོང་རྒྱུར་སྐུལ་འདེད་བཏང་བ་རེད།
གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུད་ས་གཤིས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་འགོ་འཛིན་གཞོན་པ་ཚའོ་ཆིང་ཆུན་གྱིས“ཆུ་འབྲུབ་དུས་ནས་བཟུང་། ང་ཚོས་རང་སྐྱོང་ལྗོངས་ས་གཤིས་གནོད་འཚེའི་ཉེན་ཁའི་སྔོན་བརྡའི་ལས་སྟེགས་དང་དེ་བཞིན་ལྟ་ཞིབ་ཚད་ལེན་དང་ཉེན་བརྡའི་སྒྲིག་ཆས་རྣམས་བེད་སྤྱོད་ཡག་པོ་བྱས་ཡོད།
མིག་སྔའི་བར། གྲོང་ཁྱེར་གནམ་གཤིས་དང་འཕྲལ་སྡོམ་སོགས་སྡེ་ཚན་དང་མཉམ་འབྲེལ་བྱས་ཏེ་ས་གཤིས་གནོད་འཚེ་དང་གནམ་གཤིས་ཀྱི་ཉེན་ཁའི་སྔོན་བརྡ་ཐེངས་4བཏང་བ་མ་ཟད། རང་སྐྱོང་ལྗོངས་ཀྱི་ཉེན་བརྡ་69བརྒྱུད་སྤེལ་བྱས་ཡོད། ད་རུང་དཔའ་ཤོད་དང་། སྟེང་ཆེན། དཔལ་འབར་བཅས་སུ་འཁྱགས་མཚོ་ཡི་རགས་ཁ་ཤོར་ནས་ཞོར་ཐོན་ས་གཤིས་ཀྱི་གནོད་འཚེ་ཐོན་རྒྱུ་ནན་འགོག་བྱས་ཡོད”ཅེས་བཤད།
གྲོང་ཁྱེར་ཡོངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་རྙོག་འཛིང་ཆེ་བའི་དུས་བབ་ལ་དམིགས་ནས། ཆབ་མདོ་གྲོང་ཁྱེར་གྱི་འཕྲལ་སྡོམ་དོ་དམ་སྡེ་ཚན་གྱིས་སྤྱི་ཟླ་8པའི་ཚེས་7ཉིན《བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་ཐོལ་བྱུང་དོན་རྐྱེན་གྱི་སྤྱིའི་འཕྲལ་སྡོམ་སྔོན་ཇུས》བཟོས་ནས་པར་འགྲེམས་བྱས་པ་དང་། དེ་སྔའི“1+25+N”སྔོན་ཇུས་བྱེད་སྟངས་དེ“1+36+69”ཡི་སྔོན་ཇུས་མ་ལག་གསར་པར་ལེགས་སྒྲིག་བྱས་པ་རེད། མིག་སྔའི་བར། རིམ་ཁག་སྡེ་ཚན་ཁག་གིས་འཕྲལ་སྡོམ་ནང་སྦྱོང་ཐེངས་116བྱས་པར་མི་ཐེངས་ཁྲི་1དང་8000ཞུགས་རྒྱུར་མཛུབ་ཁྲིད་བྱས་པ་རེད། དེ་དང་ཆབས་ཅིག“ཆབ་མདོ་གྲོང་ཁྱེར་གྱི་2026ལོའི་འཕྲལ་སྡོམ་ལས་འགན་གྱི་ཕྱོགས་བསྡུས་དངོས་འཐབ་ཀྱི་འཕྲལ་སྡོམ་ནང་སྦྱོང”གྲ་སྒྲིག་ཧུར་ཐག་བྱས་ནས་སྤྱི་ཟླ་9པར་སྒྲིག་འཛུགས་བྱེད་རྩིས་ཡོད་པ་རེད།
གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཏང་ཨུད་ཀྱི་ཨུ་ཡོན་ཅུས་ཀྲང་གཞོན་པ་བསོད་ནམས་དབང་རྒྱལ་གྱིས“མིག་སྔར། རང་རེའི་གྲོང་ཁྱེར་དུ་ཆར་པ་མང་པོ་འབབ་པ་དང་། འཁྱགས་མཚོ་དང་། ཆུ་ལོག ས་གཤིས་བཅས་ཀྱི་གནོད་འཚེ་སྔར་བཞིན་ཅུང་ཆེ་བའི་ཉེན་ཁ་ཡོད་པས། ང་ཚོས་གཞུང་ལམ་རྒྱུད་ཀྱི་རི་ལྡེབས་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ། སློབ་གྲྭ་ཆུང་འབྲིང་། ཤང་གྲོང་འཕྲོད་བསྟེན་ཁང་། གྲོང་མིའི་ཁུལ་སོགས་ཀྱི་མི་སྣ་འདུ་འཛོམས་ཆེ་བའི་གཙོ་གནད་ས་ཁོངས་སུ་ཆེད་དོན་མངོན་མེད་རྐྱེན་ངན་གྲལ་བཤེར་བྱ་རྒྱུ་ཡིན”ཞེས་བཤད།
མིག་སྔར། གྲོང་ཁྱེར་ཡོངས་ཀྱི་སྡེ་ཚན་ཁག་གིས་ས་གཤིས་གནོད་འཚེར་ཁ་གཏད་གཅོག་པའི་རྣམ་པ་རྒྱུན་འཁྱོངས་བྱས་ནས། མངོན་མེད་རྐྱེན་ངན་གྲལ་བཤེར་དང་དག་ཐེར་མུ་མཐུད་གཏིང་ཟབ་བྱེད་པ་དང་། འཕྲལ་སྡོམ་འགན་ལེན་འཐུས་སྒོ་ཚང་དུ་གཏོང་བ། སྡེ་ཚན་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་གཞི་རིམ་རྨང་གཞི་མུ་མཐུད་བརྟན་དུ་བཏང་ཡོད། གོམ་སྟབས་རྗེས་མར། ཆབ་མདོ་གྲོང་ཁྱེར་གྱིས་ཆར་ཆུ་རྒྱས་ཚུལ་གྱི་འགྱུར་ལྡོག་ལ་དམ་པོར་དམིགས་ནས། རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་དང་། བཅོས་སྐྱོང་ཞིབ་ཚགས། དངོས་འཐབ་ཅན་གྱི་དམག་གྲབས་བཅས་མཐའ་འཁྱོངས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་རྒྱུ་རེད།

