国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年09月04日

ཀྲོང་ཅིན་སུང་གིས་གྲོང་ཁྱེར་འཕྲལ་སྡོམ་བཀོད་འདོམས་པུའི་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9པའི་ཚེས1ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཁྱེར་འཕྲལ་སྡོམ་བཀོད་འདོམས་པུའི་ཚོགས་འདུ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་དུ་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་པར་བཏོན་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཟླ་8ཚེས་28ཉིན་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་ཆུ་རུད་ཀྱི་གནོད་འཚེའི་ཉེན་སེལ་རོགས་སྐྱོབ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི་གནོད་འགོག་གནོད་སེལ་ལས་དོན་སྙན་སེང་ལ་གསན་པ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་བྱས་ཡོད།

ཚོགས་འདུ་འགོ་ཚུགས་སྐབས་ཚང་མ་ཡར་བཞེངས་ནས་གནོད་འཚེའི་ཁྲོད་རྐྱེན་ལམ་དུ་ཤོར་མཁན་ལ་ངག་བསྡམས་ནས་མྱ་ངན་ཞུས་པ་རེད།

ཚོགས་འདུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། མཆན་བཀོད་མཛུབ་སྟོན་གལ་ཆེན་ལས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་ཉེན་སེལ་རོགས་སྐྱོབ་བྱེད་པའི་གདེང་ཚོད་དང་ཆོད་སེམས་ཆེ་རུ་ཤུགས་ཆེན་ཕྱིན་ནས་ང་ཚོས་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།

གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་ཟབ་སྦྱོང་དོན་འཁྱོལ་བྱེད་དགོས་ཤིང་། ཐོག་མཐའ་བར་གསུམ་དུ་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ། སྔོན་འགོག”གི་རྨང་གཞི་བརྟན་དུ་གཏོང་བར་ཤུགས་རྒྱག་པ་དང་། “ཉུང་གཏོང”གི་ཕན་འབྲས་ཆེ་རུ་གཏོང་བ། “རོགས་སྐྱོབ”ཀྱི་ནུས་པ་མཐོར་འདེགས་གཏོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་རྣམ་པ་བརྟན་ལྷིང་ཡོང་བར་ཏན་ཏིག་གིས་སྲུང་སྐྱོབ་བྱེད་དགོས་ཞེས་བསྟན།

ཚོགས་འདུ་ཡིས་ཆབ་མདོར་རང་བྱུང་གནོད་འཚེ་ཁྱབ་ཚུལ་གྱི་ས་ཁོངས་རྒྱ་ཆེ་བ་དང་། ཐོན་ཚད་མཐོ་བ། རོགས་སྐྱོབ་ཀྱི་དཀའ་ངལ་ཆེ་བ་བཅས་ཡིན་པས་ངེས་པར་དུ་མ་མཐའི་མཚམས་ཐིག་གི་བསམ་བློ་དང་གཟབ་ནན་གྱི་བསམ་བློ་བརྟན་པོ་བཙུགས་ནས་བདེ་དུས་ཉེན་ཟོན་བྱེད་པ་དང་རྐྱེན་མ་བྱུང་གོང་ལ་ཟློག་ཐུབ་པ་བྱེད་དགོས། འཕྲལ་སྡོམ་བཀོད་འདོམས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། རིག་ནུས་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ། ས་ཁོངས་ཧྲིལ་པོར་མི་མངོན་པའི་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་བྱེད་པ། སྣེ་མང་གི་རོགས་སྐྱོབ་མ་ལག་འཛུགས་པ། སློབ་གསོ་དྲིལ་བསྒྲགས་དང་འཕྲལ་སྡོམ་ནང་སྦྱོང་ལ་དམ་འཛིན་ཏན་ཏིག་བྱེད་པ། དངོས་ཟོག་གྲབས་གསོག་གི་བཀོད་པ་ལེགས་སུ་གཏོང་བ་བཅས་བྱེད་དགོས་ལ།“ལས་དོན་ཡོད་ཚད་ལ་རྣམ་གྲངས”ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། བློ་བརྟན་འགྱུར་མེད་ངང་ཞིང་ཆེན་རིམ་པའི་ས་ཁོངས་ཀྱི་འཕྲལ་སྡོམ་རོགས་སྐྱོབ་ལྟེ་གནས་དང་། རྒྱལ་ལམ་ལམ་རྒྱུད་ཀྱི་མང་ཚོགས་ཀྱི་ཕྱིར་སྐྱོད་དགོས་མཁོར་ཞབས་འདེགས་ཞུ་བའི་ཕྱོགས་བསྡུས་ཆ་འཕྲིན་ཅན་གྱི་ལས་སྟེགས།ཚན་རྩལ་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་བཅས་ཀྱི་འཛུགས་སྐྲུན་དམ་འཛིན་ཡག་པོ་བྱས་ཏེ། ཆུ་ཚད་མཐོ་བའི་བདེ་འཇགས་ཀྱིས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཡས་གཞོགས་གཡོན་འདེགས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།