འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་31ཉིན།གྲོང་ཁྱེར་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པ་སྐབས་དང་པོའི་ཚོགས་མིའི་ཚོགས་ཆེན་ཐེངས་གཉིས་པ་འཚོགས་ནས་དགེ་སྒྲུབ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་དུ་ཆུ་རུད་ཀྱི་གནོད་འཚེ་ཐོན་པར་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། འབྲེལ་ཡོད་ལས་དོན་སྙན་ཞུར་གྲོས་ཞིབ་བྱས་པ་མ་ཟད་གྲོས་འཆམ་བྱུང་བ། ཚོགས་མིའི་ལས་ཁུངས་སྒྲིག་འཛུགས་བྱས་ཏེ་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་ལ་འདམ་རྡོའི་ཆུ་རུད་ཀྱིས་གནོད་འཚེ་ཕོག་ཁུལ་ལ་མཉམ་དུ་ཞལ་འདེབས་བརྒྱབ་པ་རེད།
ཚོགས་འདུའི་ཐོག་ཆབ་མདོ་གྲོང་ཁྱེར་གཙང་གསུམ་འགྲན་འཛུགས་གཏེར་ལས་མ་རྐང་ཚད་ཡོད་ཀུང་སི་སོགས་གཅེས་སེམས་རྩ་འཛུགས27གྱིས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་ཉེན་སེལ་གེགས་སྐྱོབས་འཐབ་ས་དང་པོར་ཞལ་འདེབས་སྒོར་ཁྲི་39.7བརྒྱབ་པ་རེད།
གྲོང་ཁྱེར་དམངས་སྲིད་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཅུས་ཀྲང་། གྲོང་ཁྱེར་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པའི་ཚོགས་གཙོ་བཅས་ཡིན་པའི་བློ་བཟང་ཆོས་འཕེལ་གྱིས“ང་ཚོས་ད་ཐེངས་ཀྱི་ཞལ་འདེབས་ཚང་མ་གནོད་འཚེ་ཕོག་པའི་མང་ཚོགས་གེགས་སྐྱོབས་དང་གེགས་རྗེས་བསྐྱར་སྐྲུན་བཅས་ཀྱི་ལས་དོན་ཐད་སྤྱོད་རྒྱུར་འཕྲོད་ངེས་བྱེད་པའི་དམ་བཅའ་བརྟན་པོ་འཇོག་རྒྱུ་ཡིན། གྲོང་ཁྱེར་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པས་དུས་ཐོག་ཏུ་འབྲེལ་ཡོད་ཆ་འཕྲིན་ཡོངས་བསྒྲགས་དང་སྤྱི་ཚོགས་ལས་རིགས་ཁག་གི་ལྟ་སྐུལ་དང་ལེན་ཞུས་ནས་ཞལ་འདེབས་བརྒྱབ་པའི་དངུལ་འདི་དག་སྐར་མ་གཅིག་ཀྱང་མ་ལུས་པར་གནོད་ཕོག་མང་ཚོགས་ཀྱི་དགོས་གལ་ཆེ་བའི་གནས་སུ་བེད་སྤྱོད་ཐུབ་པ་བྱ་རྒྱུ་ཡིན”ཞེས་བཤད།

