国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年09月01日

འཛམ་གླིང་གི་ཆུ་གློག་འཕྲུལ་ཚན་ཆེ་ཤོས་བོད་ལྗོངས་སུ་ལེགས་གྲུབ་བྱུང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས11ཉིན་འཛམ་གླིང་ཐོག་སྐྱོམ་ཤུགས་རྣམ་པའི་ཆུ་གློག་འཕྲུལ་ཚན་ཆེ་ཤོས་དེ་ཏཱ་ཐང་བྲག་ལམ་ཆུ་ཤུགས་གློག་ཁང་དུ་འཁོར་སྤྱད་འདེགས་སྒྲིག་བདེ་བླག་ངང་ལེགས་གྲུབ་བྱུང་ཤིང་། འདིས་རང་རྒྱལ་གྱི་ཆུ་འབབ་ཚད་གཟར་བ་དང་ཤོང་ཚད་ཆེ་བའི་སྐྱོམ་ཤུགས་རྣམ་པའི་ཆུ་གློག་སྒྲིག་ཆས་ཀྱི་ལྟེ་བའི་ལག་རྩལ་འཛམ་གླིང་གི་སྔོན་ཐོན་གྲལ་དུ་ཚུད་པ་མཚོན་གྱི་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཏཱ་ཐང་བྲག་ལམ་ཆུ་ཤུགས་གློག་ཁང་ནི་རྒྱལ་ཁབ་ཀྱི“བོད་གློག་ཕྱིར་གཏོང”གི་རྐང་འཛིན་ལས་གྲྭ་ཞིག་ཡིན་ལ། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་རིང་གི་བོད་ཤར་ལྷོའི་ཆུ་དང་། རླུང་། འོད་བཅས་གཞི་གཅིག་ཅན་གྱི་དྭངས་གཙང་ནུས་རྒྱུའི་རྟེན་གཞིའི་ལྟེ་བའི་འདེགས་སྐྱོར་གློག་ཁུངས་ཤིག་ཀྱང་རེད། བསྐྲུན་ཟིན་རྗེས་དེའི་གློག་ཤུགས་དམིགས་བསལ་མཐོ་གནོན་གློག་ལམ་བརྒྱུད་ཡུའེ་ཀང་ཨའོ་ཁུག་པ་ཆེན་མོའི་ཁུལ་དུ་ཐད་ཀར་སྐྱེལ་རྒྱུ་ཡིན་པས། “ནུབ་གློག་ཤར་སྐྱེལ(བོད་ལྗོངས་གློག་ཀོང་ཏུང་སྐྱེལ་བ)”གྱི་འཐབ་ཇུས་རིམ་སྤོར་གྱི་ལྟེ་བའི་རྟེན་གཞིར་གྱུར་ནས། གློག་ཤུགས་མ་ལག་གསར་པ་འཛུགས་སྐྲུན་བྱེད་པའི་རྒྱལ་ཁབ་ཀྱི་ལས་འགན་འཁུར་ཡོད།

མིག་སྔར་འཛམ་གླིང་ཐོག་སྐྲུན་བཞིན་པའི་ཕྱོགས་བསྡུས་དཀའ་ཚད་ཆེ་ཤོས་ཀྱི་སྐྱོམ་ཤུགས་རྣམ་པའི་ཆུ་གློག་རྣམ་གྲངས་ཤིག་ཡིན་པའི་ངོས་ནས། ཏཱ་ཐང་བྲག་ལམ་ཆུ་ཤུགས་གློག་ཁང་བདེ་བླག་ངང་སྐྲུན་ཐུབ་པ་དེས་ཕྱི་རྒྱལ་གྱི་ཆུ་འབབ་ཚད་གཟར་ཞིང་ཤོང་ཚད་ཆེ་བའི་སྐྱོམ་ཤུགས་རྣམ་པའི་འཕྲུལ་འཁོར་ཚན་པའི་ཁྱབ་ཁོངས་ཀྱི་ལག་རྩལ་ཡུན་རིང་སྒེར་སྡེམ་བྱེད་པ་རྩ་བ་ནས་གཏོར་ཏེ། ཀྲུང་གོའི་བློ་གྲོས་ཀྱིས་འཛམ་གླིང་ཆུ་གློག་གར་སྟེགས་ཐོག་ཚད་ཤིང་གསར་པ་ཞིག་བཙུགས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་འདེམས་སྒྲིག་བྱས་པའི་འཁོར་ལོའི་ལྗིད་ཚད་ལ་ཏུན840ཟིན་པ་དེ་ཁྱིམ་སྤྱོད་རླངས་འཁོར་ཆུང་གྲས560ཡི་སྤྱིའི་ལྗིད་ཚད་དང་མཚུངས་པ་དང་། གློག་འདོན་འཕྲུལ་འཁོར་ཚན་པའི་ནུས་ཚད་བརྗེ་སྒྱུར་མངོན་འགྱུར་བྱེད་པའི“སྒུལ་ཤུགས་སྙིང”ལྟ་བུ་ཞིག་ཡིན་པས། ཏཱ་ཐང་བྲག་ལམ་ཆུ་ཤུགས་གློག་ཁང་ནས་གློག་འདོན་འགོ་ཚུགས་རྒྱུར་ཆེས་འགག་རྩར་གྱུར་བའི་རྨང་གཞི་བཏིང་ཡོད།

གློག་ཁང་གིས་ཕྱོགས་ཡོངས་ནས་གློག་གཏོང་འགོ་ཚུགས་རྗེས། ལོ་ལྟར་ཆུ་ཚོད་ཆན་ཝ་དུང་ཕྱུར40ཙམ་གྱི་ས་མཐོའི་ལྗང་གློག་མཁོ་འདོན་ཐུབ་པ་དང་། ཚད་ལྡན་རྡོ་སོལ་ཏུན་ཁྲི130གྲོན་ཆུང་ཐུབ་པ་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི342ཉུང་དུ་ཕྱིན་ནས། སྲོལ་རྒྱུན་ནུས་རྒྱུའི་ལྗང་མདོག་རིམ་སྤོར་ལ་འདྲ་བཟོ་བྱེད་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི“ཀྲུང་གོའི་དཔེ་མཚོན”ཞིག་མཁོ་འདོན་ཐུབ་རྒྱུ་ཡིན་པ་རེད།