国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年08月25日

བློ་བརྟན་འགྱུར་མེད་ངང་ནག་གཤེད་སྟོབས་ཤུགས་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་དགོས།

ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་གྱིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་གཏོང་བའི་འབྲེལ་ཡོད་དྲི་བར་ལན་བཏབ་པ།

ཉེ་ཆར། ཏང་ཀྲུང་དབྱང་གིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་བཀོད་སྒྲིག་བྱས་ཤིང་། ད་ལོའི་ཟླ་7པ་ནས་བཟུང་། ལོ་གཅིག་ཙམ་གྱི་དུས་ཚོད་སྤྱད་དེ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་གཏོང་བ་དང་། མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེ་བའི་ནག་གཤེད་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་གི་གནད་དོན་གཅིག་སྡུད་ཐོག་ཐག་གཅོད་བྱེད་པ། ནག་གཤེད་ཉེས་གསོག་ཐོན་སའི་ལས་རིགས་ཀྱི་ཟང་ཟིང་སྣང་ཚུལ་བཅོས་སྒྲིག་དང་ཚད་ལྡན་དུ་གཏོང་བ། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བཅས་བྱས་ནས། མི་དམངས་བདེ་སྡོད་ལས་བརྩོན་དང་། སྤྱི་ཚོགས་བརྟན་ལྷིང་དང་གོ་རིམ་ལྡན་པ། རྒྱལ་ཁབ་ཡུན་རིང་བདེ་འཁོད་བཅས་ཡོང་བའི་འགན་ལེན་བྱེད་དགོས་ལུགས་གསལ་པོར་བསྟན་ཡོད།

ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་སྤེལ་དགོས་དོན་གང་ཡིན་ནམ། ཆེད་དོན་འཐབ་རྩོད་ཀྱི་ལས་ཀའི་གཙོ་གནད་གང་ཡིན། ཕན་འབྲས་ཇི་ཙམ་ཐོན་དགོས་སམ། གོང་གསལ་མང་ཚོགས་ཀྱིས་དོ་ཁུར་བྱེད་མང་བའི་གནད་དོན་ལ་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་གྱིས་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།

1.དྲི་བ། ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་ཚུན། རྒྱུན་རྣམ་ཅན་གྱི་ནག་སེལ་གཤེད་བཅོམ་འཐབ་རྩོད་ལ་གྲུབ་འབྲས་གང་དག་ཐོབ་ཡོད་དམ།

ལན། ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་ཚུན། ས་གནས་ཁག་དང་སྡེ་ཚན་ཁག་གིས་རྒྱུན་རྣམ་ཅན་གྱི་སྒོ་ནས་ནག་སེལ་གཤེད་བཅོམ་གྱི་འཐབ་རྩོད་སྤེལ་རྒྱུའི་སྐོར་གྱི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་ལན་བཏབ་ནས་ནག་གཤེད་ཉེས་གསོག་ཐོན་མ་ཐག་རྡུང་རྡེག་གཏོང་བའི་དམ་བསྒྲགས་རྣམ་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་པས། ནག་གཤེད་ཉེས་གསོག་གྱོད་གཞིའི་གྲངས་འབོར་ཆེས་ཆེར་ཆག་པ་དང་། སྤྱི་ཚོགས་བདེ་འཇགས་ཀྱི་དུས་བབ་རྒྱུན་མཐུད་ལེགས་སུ་ཕྱིན་པ། ཏང་སྲོལ་སྲིད་སྲོལ་རྒྱུན་མཐུད་ལེགས་སུ་ཕྱིན་པ། གཞི་རིམ་གྱི་རྨང་གཞི་ཕྱོགས་ཡོངས་ནས་བརྟན་དུ་ཕྱིན་པ། འཕེལ་རྒྱས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ་བཅས་བྱུང་ཡོད། 2025ལོར་རྒྱལ་ཡོངས་ཀྱི་ཉེས་དོན་གྱོད་གཞི་དུས་མཚུངས་ལས་12.8%ཆག་ནས་དུས་རབས་འདིའི་ཚུན་གྱི་དམའ་ཤོས་ཡིན་པ་རེད། མི་བསད་པའི་གྱོད་གཞི་དུས་མཚུངས་ལས་8.7%ཆག་པ་དེ་དུས་རབས་འདི་ཤར་ཚུན་གྱི་དམའ་ཤོས་རེད། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་བརྟག་དཔྱད་ལས་མངོན་པར། 2025ལོར་མི་དམངས་མང་ཚོགས་ཀྱིས་ནག་སེལ་གཤེད་བཅོམ་འཐབ་རྩོད་ལ་བློ་ཡིད་ཚིམ་ཚད་94.55%ཟིན་ནས་ལོ་7བསྟུད་མར་92%ཡན་གྱི་ཆུ་ཚད་མཐོ་པོ་རྒྱུན་འཁྱོངས་ཐུབ་ཡོད། 2025ལོར་རྒྱལ་ཡོངས་ཀྱི་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་98.23%ཟིན་ནས་ལོ་6བསྟུད་མར་98%ཡན་རྒྱུན་འཁྱོངས་ཐུབ་ཡོད།

2.དྲི་བ། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་སྤེལ་དགོས་དོན་གང་ཡིན་ནམ།

ལན། ད་གིན་ངོ་སྤྲོད་བྱས་པ་ལྟར། རྒྱུན་རྣམ་ཅན་གྱི་ནག་སེལ་གཤེད་བཅོམ་གྱི་འཐབ་རྩོད་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། འོན་ཀྱང་རིག་པ་དྭངས་གསལ་གྱི་སྒོ་ནས་མཐོང་དགོས་པ་ཞིག་ལ། ནག་གཤེད་ཉེས་གསོག་ལ་ངན་རེངས་རང་བཞིན་དང་། བསྐྱར་ཟློས་རང་བཞིན། རྙོག་འཛིང་རང་བཞིན་བཅས་ལྡན་པ་དང་། ནག་གཤེད་ཉེས་གསོག་ཁག་གཅིག་ལྐོག་གྱུར་དུ་སོང་ནས་སྲོལ་རྒྱུན་གྱི་ནག་གཤེད་ཉེས་གསོག་ད་དུང་རྩ་མེད་གཏོང་ཐུབ་མེད་པས། རྒྱུན་རྣམ་ཅན་གྱི་སྒོ་ནས་ནག་སེལ་གཤེད་བཅོམ་ལ་སྐུལ་འདེད་གཏོང་བར་ཤུགས་དེ་བས་ཆེ་བ་རྒྱག་དགོས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དུས་དཔགས་བབ་བསྟུན་གྱིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་གཏོང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་གནང་བར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་འཐབ་ཇུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་ཡོད།

དེ་ནི་ལོ་རྒྱུས་ཀྱི་འཕེལ་རིམ་རླབས་པོ་ཆེས་དཀྲིས་པའི་ལས་འགན་གསར་པ་ཞིག་རེད། མིག་སྔར། རང་རྒྱལ་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་སྟེ་རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་རྒྱག་པའི་འགག་རྩའི་དུས་སྐབས་སུ་སླེབས་པ་དང་།“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ནང་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་གྱིས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་འགོག་ཟོན་དང་དེར་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་བར་བླང་བྱ་གསར་པ་བཏོན་ཡོད། ངེས་པར་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལྟེ་བའི་ལས་འགན་འདིར་དམིགས་ཏེ། འཕེལ་རྒྱས་དང་བདེ་འཇགས་ཀྱི“དོན་ཆེན་གཉིས”ལ་དེ་བས་སྤྱི་འདོམས་གང་ལེགས་དང་། ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་སྣ་ཚོགས་ལ་དམ་བསྒྲགས་ནན་པོ་རྒྱུན་འཁྱོངས། སྤྱི་ཚོགས་ལ་གཏོར་སྐྱོན་གཏོང་བའི་དུག་སྐྲན་མཐའ་དག་མཐའ་གཅིག་ཏུ་གཙང་སེལ། ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་བཅས་བྱས་ནས། སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་ལེའུ་གསར་པ་མུ་མཐུད་རྩོམ་དགོས།

འདི་ནི་མི་དམངས་བདེ་སྡོད་ལས་བརྩོན་ཡོང་བར་འགན་ལེན་དེ་བས་གང་ལེགས་བྱེད་པའི་ཐད་བཏོན་པའི་བླང་བྱ་གསར་པ་ཞིག་རེད། ནག་གཤེད་སྟོབས་ཤུགས་ཀྱིས་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་གི་ཡོད། མི་དམངས་ཕྱུག་པོ་ཆགས་ཀྱང་གལ་ཏེ་བདེ་འཇགས་ཚོར་སྣང་མེད་ཚེ། བློ་བདེ་བག་ཕེབས་ངང་སློབ་སྦྱོང་དང་ལས་ཀ་བྱེད་ཐབས་མེད་ལ། འཚོ་བ་གནས་བཟོད་བདེ་པོ་སྐྱེལ་ཐབས་བྲལ། ཆ་འཕྲིན་ཅན་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་ཆབས་ཅིག སྲོལ་རྒྱུན་གྱི་ནག་གཤེད་ཉེས་གསོག་དང་དྲ་སྦྲེལ་ཉེས་གསོག་གཉིས་ཕན་ཚུན་གཅིག་ཏུ་འདྲེས་ནས། ནག་གཤེད་ཉེས་གསོག་གསར་པ་ཁག་གཅིག་གིས་མང་ཚོགས་ཀྱི་མི་ལུས་དང་རྒྱུ་ནོར་གྱི་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་བཟོ་གི་ཡོད། ངེས་པར་དུ་མི་དམངས་མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པ་དང་སེམས་གཏིང་ནས་འཁོན་འཛིན་ཆེ་ཤོས་བྱེད་པའི་ནག་གཤེད་སྟོབས་ཤུགས་སྣ་ཚོགས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྩེ་གཅིག་ཏུ་ལྡིར་ནས། ནག་གཤེད་ཀྱི་ཁུངས་སྣེ་ཁག་ཅིག་རྩད་ཞིབ་མཐར་ཕྱིན་བྱེད་པ་དང་གྱོད་གཞི་ཚབས་ཆེན་ཁག་གཅིག་ཐག་གཅོད་ཧུར་ཐག་བྱས་ནས། མི་དམངས་མང་ཚོགས་ལ“སེམས་རྣལ་རིལ་བུ”སྦྱིན་དགོས།

འདི་ནི་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད་བཏོན་པའི་ཚད་གཞི་གསར་པ་ཞིག་རེད། ནག་གཤེད་སྟོབས་ཤུགས་ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི“བཀག་རྡོ”ལྟ་བུ་ཡིན་ཞིང་། དེས་མངོན་སུམ་འཛེམ་མེད་ཀྱིས་བཅའ་ཁྲིམས་ཀྱི་དབང་གྲགས་ལ་འགྲན་སློང་དང་། བཅའ་ཁྲིམས་ཀྱི་ལ་རྒྱ་རྡོག་རོལ་དུ་གཏོང་བ། རྒྱལ་ཁབ་ཀྱི་རྒྱུན་གཏན་ཁྲིམས་སྐྱོང་སྒྲིག་ལམ་དཀྲུག་གི་ཡོད་པས། ངེས་པར་དུ་ནག་གཤེད་སྟོབས་ཤུགས་དང་འཐབ་རྩོད་མཐར་ཕྱིན་པ་བྱེད་པའི་འགག་སྒྲོལ་དམག་འཐབ་བརྒྱབ་སྟེ། ཁྲིམས་སྐྱོང་གི་རྩ་བ་བརྟན་གཏོང་དང་། སྔོན་དཔག་བརྟན་གཏོང་། ཕུགས་ལ་ཕན་པ་བཅས་ཀྱི་འགན་ལེན་ནུས་པ་གང་ལེགས་འདོན་པ་དང་། ཁྲིམས་ལྟར་རྡུང་རྡེག་གཏོང་བ་དང་། ཁྲིམས་ལྟར་སྔོན་འགོག་དང་ཚོད་འཛིན་བྱེད་པ། ཁྲིམས་ལྟར་ནག་གཤེད་ཉེས་གསོག་ལ་བཅོས་སྒྲིག་བྱེད་པ་བཅས་ཀྱི་འཇོན་ཐང་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ། ཁྲིམས་སྐྱོང་གི་ལམ་བུའི་ཐོག་ནག་སེལ་གཤེད་བཅོམ་གྱི་འཐབ་རྩོད་ལ་སྐུལ་འདེད་གཏོང་དགོས།

འདི་ནི་ནག་གཤེད་ཉེས་གསོག་གི་རྣམ་པ་གསར་པ་དང་ཁྱད་ཆོས་གསར་པར་བཏོན་པའི་ཞིབ་འཇུག་བྱ་གཞི་གསར་པ་ཞིག་རེད། སྤྱིར་བཏང་གི་ཉེས་དོན་ཉེས་གསོག་དང་མི་འདྲ་བར་ནག་གཤེད་ཉེས་གསོག་གིས་ཏང་གི་སྲིད་སྐྱོང་རྨང་གཞིར་བསླད་སྐྱོན་ཚབས་ཆེན་གཏོང་བ་དང་། རྒྱུན་གཏན་གྱི་སྤྱི་ཚོགས་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན་གཏོང་བཞིན་ཡོད་པས། གནོད་འཚེ་དེ་བས་ཆེ་བ་དང་། གཏོར་བཤིག་གཏོང་ཤུགས་དེ་བས་ཆེ་བ། ཤུགས་རྐྱེན་ངན་པ་དེ་བས་ཆེ་བ་བཅས་ཡོད། མིག་སྔར་ནག་གཤེད་ཉེས་གསོག་ཁག་གཅིག་གི་གདོང་རིས་འགྱུར་བཞིན་ཡོད་པ་སྟེ། “དྲ་གཤམ”ནས“དྲ་ཐོག”དང་། “མངོན་གསལ”ནས“མངོན་མེད” “གཏུམ་སྤྱོད་དྲག་པོ”ནས“འཇམ་པོའི་གཏུམ་སྤྱོད” “སྲོལ་རྒྱུན་ཁྱབ་ཁོངས”ནས“སྲོལ་རྒྱུན་མིན་པའི་ཁྱབ་ཁོངས”དང“གསར་དར་ལས་རིགས”བཅས་སུ་འགྱུར་བཞིན་ཡོད། ངེས་པར་དུ་ནག་གཤེད་སྟོབས་ཤུགས་དང་ཡུན་རིང་འཐབ་རྩོད་བྱེད་པའི་བསམ་བློའི་གྲ་སྒྲིག་བྱས་ཏེ། ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་བའི་ཟིལ་གནོན་གྱི་རྣམ་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཀྱིས་ནག་གཤེད་ཉེས་ཅན་པ་གསར་པ་ཤེས་རྟོགས་དང་། རྡུང་རྡེག ཆད་གཅོད་བཅས་ཀྱི་ནུས་པ་ཆེ་རུ་རྒྱུན་ཆད་མེད་པར་གཏོང་དགོས།

3.དྲི་བ། ད་ཐེངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་གཏོང་བ་དང་རྒྱུན་རྣམ་ཅན་གྱི་ནག་སེལ་གཤེད་བཅོམ་གྱི་འཐབ་རྩོད་དབར་གྱི་འབྲེལ་བ་གང་ཡིན་ནམ།

ལན། ནག་སེལ་གཤེད་བཅོམ་གྱི་འཐབ་རྩོད་སྤེལ་བ་ནི་འགག་སྒྲོལ་དམག་འཐབ་ཅིག་དང་རྒྱུན་སྲིང་དམག་འཐབ་ཅིག་ཡིན་པས། ངེས་པར་དུ་གཅིག་སྡུད་རང་བཞིན་གྱི་འགག་སྒྲོལ་དང་རྒྱུན་རྣམ་ཅན་གྱི་བཅོས་སྒྲིག་ཟུང་འབྲེལ་མཐའ་འཁྱོངས་བྱེད་དགོས། ད་ཐེངས་ཀྱི་ཆེད་དོན་འཐབ་རྩོད་ནི་རྒྱུན་རྣམ་ཅན་གྱི་ནག་སེལ་གཤེད་བཅོམ་འཐབ་རྩོད་ཀྱི་རྨང་གཞིའི་ཐོག ནག་གཤེད་ཉེས་གསོག་གི་རྣམ་པ་གསར་པ་དང་ཁྱད་ཆོས་གསར་པར་གཞིགས་ནས་སྤེལ་བའི་ཆད་གཅོད་བཅོས་སྒྲིག་གི་བྱ་སྤྱོད་གཏིང་ཟབ་ཅིག་རེད། ད་ཐེངས་ཀྱི་ཆེད་དོན་འཐབ་རྩོད་ཀྱིས་རྡུང་རྡེག་གཏོང་བའི་གཙོ་གནད་ནི་དྲ་རྒྱའི་ལས་སྟེགས་སྤྱད་དེ་སྒྲིག་འཛུགས་ཡོད་པའི་སྒོ་ནས་ཁྲིམས་དང་མ་མཐུན་པར་དངུལ་བུན་གཏོང་བ་དང་། ངན་སེམས་བཅངས་ནས་གུན་གསབ་ལེན་པ། ཁྲིམས་དང་མ་མཐུན་པར་དངུལ་བུན་ལེན་སྐུལ། ངལ་ནུས་ཀྱི་བསྙད་འདོགས་རྒྱུ་འཕྲོག གླེང་ཕྱོགས་ཀྱི་བསྙད་འདོགས་རྒྱུ་འཕྲོག དྲ་རྒྱའི་ཆུ་དམག་གིས་ཟིང་སློང་བ་སོགས་ཀྱི་དྲ་འབྲེལ་ནག་གཤེད་སྟོབས་ཤུགས་དང་། རྗེས་སྙེག་ཟིང་སློང་དང་། འཇིགས་སྐུལ། བསྙད་འདོགས་རྒྱུ་འཕྲོག་སོགས་ཤུགས་ཆེན་སྤེལ་བའི“འཇམ་པོའི་གཏུམ་སྤྱོད”ཀྱི་ནག་གཤེད་སྟོབས་ཤུགས་ཡིན།

4.དྲི་བ། ད་ཐེངས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་གཏོང་བའི་སྤྱིའི་བླང་བྱ་གང་ཡིན་ནམ།

ལན། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་གཏོང་དགོས་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་གཏིང་ཟབ་བཅས་བྱས་ནས། མིག་སྔའི་ནག་གཤེད་དང་འབྲེལ་བའི་སྤྱོད་ངན་གྱི་བྱེད་སྟངས་གསར་པ་དང་། ཁྱད་ཆོས་གསར་པ། འཕེལ་ཕྱོགས་གསར་པ། ཆོས་ཉིད་གསར་པ་བཅས་ལ་དམིགས་ཏེ། ཆེད་དོན་བཅོས་སྐྱོང་དང་། མ་ལག་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། ཁྲིམས་ལྟར་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་ཟུང་འབྲེལ་ཏན་ཏིག་གིས། ནག་གཤེད་སྟོབས་ཤུགས་ཀྱི་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་། རུལ་སུངས་ལ་ངོ་རྒོལ། གཞི་རིམ་གྱི“སྦྲང་རྡེག”བཅས་གསུམ་པོ་ཟུང་འབྲེལ་བྱེད་པ་དང་། ཡུན་རིང་གི་འཐབ་རྩོད་དང་། ཁྲིམས་ལྟར་རྡུང་རྡེག་གཏོང་བ། རྩ་ལག་ཟུང་བཅོས། གནད་སྨིན་ལྟ་སྐུལ་མཛུབ་ཁྲིད་བཅས་མཐའ་འཁྱོངས་བྱེད་པ། ནག་སེལ་གཤེད་བཅོམ་ཁྲིམས་སྐྱོང་ཅན་དང་། ཚད་ལྡན་ཅན། ཆེད་ལས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བ་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དེ་བས་བདེ་འཇགས་བརྟན་ལྷིང་གི་ཆབ་སྲིད་ཀྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་དགོས།

ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་གཏོང་བར་གཤམ་གསལ་གྱི་ལས་ཀའི་རྩ་དོན་མཐའ་འཁྱོངས་བྱེད་དགོས་པ་སྟེ། ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཏང་གིས་སྤྱི་ཡོངས་ལ་སྤྱི་འདོམས་དང་ཕྱོགས་ཁག་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཏང་གི་འགོ་ཁྲིད་དེ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་གཏོང་བའི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་དགོས་པ་དང་། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱ་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་གཏོང་བའི་བརྒྱུད་རིམ་ནང་མི་དམངས་ཞུགས་པ་དང་། ཕན་འབྲས་ལ་དམངས་ཀྱིས་གདེང་འཇོག་བྱེད་པ། གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་ཐུབ་པ་བཅས་བྱེད་དགོས། ཁྲིམས་སྐྱོང་གི་བསམ་གཞིགས་མཐའ་འཁྱོངས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཁྲིམས་སྐྱོང་གི་བགྲོད་ལམ་ཐོག་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་སྤེལ་བར་སྐུལ་འདེད་གཏོང་བ་དང་། དོན་དངོས་གཞིར་འཛིན་པ་དང་བཅའ་ཁྲིམས་ཚད་གཞིར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་ནི་ནག་གཤེད་གཅིག་ཀྱང་མ་ལུས་པ་དང་ནག་གཤེད་གཅིག་ཀྱང་ཐར་པར་མི་གཏོང་བ། དམ་ལྷོད་བབས་བསྟུན་མཐའ་འཁྱོངས་དང་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་པར་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བྱེད་པ་དང་དུས་མཚུངས་ཁྲིམས་ལ་གཏན་ཁེལ་བའི་ཁྲིམས་ཆད་ཡང་གཅོད་ཀྱི་གནས་ཚུལ་ཡོད་རིགས་ལ་ཁྲིམས་ལྟར་ཐག་གཅོད་གུ་ཡངས་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཁྱབ་ཁོངས་གསར་པའི་ནག་གཤེད་ཉེས་གསོག་གི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་དམ་པོར་དམིགས་ནས་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་དཀའ་སེལ་བྱས་ཏེ། ནག་སེལ་གཤེད་བཅོམ་གཏིང་ཟབ་གཏོང་བར་གཙོ་གནད་འགག་སྒྲོལ་གྱིས་སྐུལ་ཁྲིད་བྱེད་དགོས། ཕྱོགས་བསྡུས་བཅོས་སྐྱོང་མཐའ་འཁྱོངས་བྱས་ཏེ་མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་ཏེ། ནག་གཤེད་ཉེས་གསོག་ལ་རྡུང་རྡེག་དང་བཅོས་སྐྱོང་བྱེད་དགོས་ལ་རྡུང་རྡེག་གཏོང་ཞོར་དུ་བཅོས་སྐྱོང་དང་འཛུགས་སྐྱོང་བྱེད་པ་དང་འབྱུང་རྩ་ནས་སྔོན་འགོག་དང་བཅོས་སྐྱོང་བྱེད་པའི་ཕུགས་ཕན་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ནག་གཤེད་ཁྲིམས་འགལ་ཉེས་གསོག་འབྱུང་རྩ་ནས་མེད་པར་བཟོ་བར་ཤུགས་སྣོན་རྒྱག་དགོས།

5.དྲི་བ། ཆེད་དོན་འཐབ་རྩོད་ནང་ནག་གཤེད་ཀྱི་ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་དགོས་པའི་ནན་བཤད་བྱས་ཡོད། བཀའ་འདྲི་ཞུ་རྒྱུར་ད་ཐེངས་ཀྱི་ཆེད་དོན་འཐབ་རྩོད་ཀྱིས་གཙོ་གནད་རིགས་གང་དག་ལ་རྡུང་རྡེག་གཏོང་རྒྱུ་ཡིན་ནམ།

ལན། ད་ཐེངས་ཀྱི་ཆེད་དོན་འཐབ་རྩོད་དེ་སྲོལ་རྒྱུན་གྱི་ནག་གཤེད་ཉེས་གསོག་ལ་རྒྱུན་མཐུད་རྡུང་རྡེག་གཏིང་ཟབ་གཏོང་བའི་རྨང་གཞིའི་ཐོག་ནག་གཤེད་ཉེས་གསོག་གི་འཕེལ་ཕྱོགས་གསར་པར་དོ་ཁུར་ཆེན་པོ་བྱས་ཏེ་སྔ་ཙམ་དང་ཆུང་ཙག་ནས་རྡུང་རྡེག་གཏོང་བ་དང་ངན་རིགས་ཤུལ་མེད་བཟོ་བ་མཐའ་འཁྱོངས་བྱ་རྒྱུ་རེད། “གྲོང་གཤེད”དང་། “ཤང་གཤེད” “བྱེ་གཤེད” “གཏེར་གཤེད” “ཁྲོམ་གཤེད” སོགས་ནག་གཤེད་སྟོབས་ཤུགས་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་བ་དང་། དུག་རྫས་བཟོ་འཚོང་དང་། རྒྱན་འཛུགས་ཁང་འཛུགས་གཉེར། སྨད་འཚོང་སྒྲིག་འཛུགས་སོགས་ཀྱི་འཆལ་རྒྱན་དུག་ནག་མཉམ་འདྲེས་ཀྱི་ཉེས་གསོག་ཚོགས་པ་དང་རྒྱལ་ཁབ་ཕྱི་ནང་གི་ནག་གཤེད་སྟོབས་ཤུགས་ངན་འབྲེལ་བྱེད་པའི་ནག་གཤེད་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་བ་དང་། ན་སོ་དར་ལ་མ་བབས་པའི་མིར་ཁྲིམས་འགལ་ཉེས་པ་གསོག་ཏུ་འཇུག་པ་དང་ན་སོ་དར་ལ་མ་བབས་པའི་མིའི་ཁེ་དབང་ལ་གནོད་འཚེ་གཏོང་བའི་ནག་གཤེད་ཚོགས་པར་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་རྒྱུ་རེད། དེ་དང་ཆབས་ཅིག དྲ་རྒྱའི་ལས་སྟེགས་དང“འཇམ་པོའི་གཏུམ་སྤྱོད”ཀྱི་བྱེད་ཐབས་སྤྱད་དེ་སྒྲིག་འཛུགས་ཡོད་པའི་སྒོ་ནས་གཅེར་མོལ་བསྙད་འདོགས་དང་། ཁྲིམས་འགལ་ངང་དངུལ་བུན་གཏོང་བ། ཁྲིམས་འགལ་ངང་དངུལ་བུན་ལེན་སྐུལ། གླེང་ཕྱོགས་ཀྱི་བསྙད་འདོགས། ངན་སེམས་བཅངས་ནས་གྱོང་གསབ་ལེན་པ། བཙན་ཤེད་ཀྱིས་འཛད་སྤྱོད་བྱེད་དུ་འཇུག་པ། ངལ་ནུས་ཀྱི་བསྙད་འདོགས་དངུལ་འཕྲོག ཆགས་སྲེད་ཀྱི་བསྙད་འདོགས་སོགས་ནག་གཤེད་ཉེས་གསོག་དང་དེ་བཞིན་འབྲེལ་ཡོད་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུ་དང་། རྗེས་སྙེག་ཟིང་སློང་དང་། འཇིགས་སྐུལ། བསྙད་འདོགས་རྒྱུ་འཕྲོག་སོགས“འཇམ་པོའི་གཏུམ་སྤྱོད”ཀྱི་ནག་གཤེད་སྟོབས་ཤུགས་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་རྒྱུ་རེད།

མང་ཚོགས་ཀྱིས་བསམ་འཆར་འདོན་མང་བ་དང་། གྱོད་གཞིའི་གནས་ཚུལ་རྙོག་འཛིང་ཆེ་བ། གྱོད་གཞི་ཞིབ་གཅོད་བྱེད་པར་འགོག་རྐྱེན་ཆེ་བ། སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པ་བཅས་ཀྱི་ནག་གཤེད་དང་འབྲེལ་བའི་གྱོད་གཞིར་མིང་སྦྱར་སྒྲུབ་སྐུལ་བྱས་པ་དང་། ས་ཆ་གཞན་དུ་ཉེན་རྟོག་པ་གཡར་སྤྱོད་དང་། རིམ་སྤར་བདག་ཁོངས། ཆེད་དོན་གྱོད་གཞིའི་འགག་སྒྲོལ་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་ངང་སྤྱད་དེ་ཚད་བརྒལ་ཡོང་བར་སྐུལ་འདེད་བཏང་ཡོད། ནག་ཚོགས་རྒྱུ་ནོར་གཙང་འཇལ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་ནག་གཤེད་སྟོབས་ཤུགས་ཀྱི་དཔལ་འབྱོར་རྨང་གཞི་རྦད་དེ་མེད་པར་བཟོས་ནས་བསྐྱར་ལོག་མི་རྒྱག་པར་བྱེད་དགོས།