འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་8པའི་ཚེས་20ཉིན་གྱི་སྔ་དྲོ། ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། གྲོང་ཁྱེར་མ་འཇོག་སྐུལ་སྤེལ་ཅུད་དང་ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་བཅུ་གཅིག་པས་སྒྲུབ་འགན་འཁུར་བའི“ལྗང་མདོག་ཆབ་མདོ། རིག་འདུས་བོད་ཤར”ཞེས་པའི་ཆབ་མདོ་གྲོང་ཁྱེར་གྱི་ནུས་རྒྱུ་གཙང་མའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འོས་སྦྱོར་འདུ་ཚོགས་འཚོགས་པ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ཐན་ཧའོ་ཡིས་འོས་སྦྱོར་ཚོགས་འདུར་ཤིས་ཚིག་གསུངས་པ་རེད། ཁེ་ལས་ཀྱི་སྐུ་མགྲོན་དང་། ལས་རིགས་ཀྱི་ཆེད་མཁས་པ། ཁྲུང་ཆིང་དང་། ཐེན་ཅིན། ཧྥུའུ་ཅན་བཅས་ཀྱི་བོད་སྐྱོར་ལས་དོན་རུ་ཁག ཚོང་ལས་མཐུན་ཚོགས་ཁག་དང་དེ་བཞིན་ཆབ་མདོར་རོགས་སྐྱོར་གནང་མཁན་ཀྲུང་དབྱང་ཁེ་ལས་ཀྱི་འཐུས་མི། རང་རེའི་གྲོང་ཁྱེར་གྱི་གྲོང་ཁྱེར་རིམ་པའི་སྡེ་ཚན་དང་གྲོང་ཁྱེར་ལ་གཏོགས་པའི་གཞུང་ཁོངས་ཁེ་ལས། རྫོང་དང་ཆུས་ཁག་དང་དེ་བཞིན་མ་འཇོག་ཁེ་ལས་ཀྱི་འཐུས་མི་བཅས་བྱེད་སྒོར་ཞུགས་ཡོད་པ་རེད།
ཤིས་ཚིག་ནང་། ཐན་ཧའོ་ཡིས་ཆབ་མདོའི་ནུས་རྒྱུ་གཙང་མའི་ཐོན་ཁུངས་ཀྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་གོ་སྐབས་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་ཤིང་། གྲོང་ཁྱེར་མ་འཇོག་སྐུལ་སྤེལ་ཅུད་ཀྱི་འགན་འཁུར་བས་ཆབ་མདོའི་ཚོང་འགུགས་མ་འདྲེན་གྱི་རྨང་གཞིའི་ཆ་རྐྱེན་དང་། གཙོ་གནད་ཐོན་ལས་འགྲན་ལམ། དེ་བཞིན་ཁེ་ལས་དོན་འཁྱོལ་གྱི་ལེ་ལག་ཚང་བའི་ཞབས་ཞུའི་མ་ལག་བཅས་ལ་དམིགས་ནས་ས་ཁོངས་ཧྲིལ་པོར་འོས་སྦྱོར་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འོས་སྦྱོར་འདུ་ཚོགས་ཀྱིས“རིག་གནས་དང་ཡུལ་སྐོར་ལ་བརྟེན་པ་ནས་དཔལ་འབྱོར་དང་ཐོན་ལས་ལ་སྐུལ་ཁྲིད་བྱེད་པའི”འཕེལ་རྒྱས་བསམ་ཕྱོགས་མཐའ་འཁྱོངས་བྱས་ཏེ། ཆབ་མདོའི་ཐུན་མོང་མ་ཡིན་པའི་ནུས་རྒྱུ་གཙང་མའི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་། ཆུ་གློག་དང་། རླུང་གློག འོད་ཤུགས། ནུས་གསོག ཆིང་དབྱང་། རྩིས་ནུས་སོགས་གཙོ་གནད་ཐོན་ལས་ལ་དམིགས་ནས། སྲིད་ཁེ་སྦྲེལ་མཐུད་དང་། ཐོན་ལས་མཉམ་ལས། རྣམ་གྲངས་དོན་འཁྱོལ་བཅས་ཀྱི་ཆེད་ལས་ཅན་གྱི་མཉམ་ལས་སྟེགས་བུ་བཟོས་ནས། རྒྱལ་ནང་གི་སྤུས་ལེགས་ཁེ་ལས་ལ“འབྱུང་འཕྲོད་གདན་ཞུ”བྱས་པ་རེད།
ཧྭ་ནེང་ཟླ་ཆུ(ཆབ་མདོ)ནུས་རྒྱུ་གསར་པ་ཚད་ཡོད་ཀུང་སི་དང་། ཧྭ་གློག་འབྲི་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་ཀུང་སི། བོད་ལྗོངས་ཤར་ལྷོའི་ནུས་རྒྱུ་གཙང་མ་གསར་སྤེལ་ཚད་ཡོད་ཀུང་སི། ཀྲུང་གོ་ལྕགས་བཞུ་ཚོགས་པ་ལྔ་པ། ཀྲུང་གོ་ཆུ་བེད་ཆུ་གློག་ཅུད་བཞི་པ(ཆབ་མདོ)ནུས་རྒྱུ་ལས་གྲྭ་ཚད་ཡོད་ཀུང་སི་སོགས་ཁེ་ལས་མང་པོའི་འཐུས་མིས་ས་གནས་ས་ཐོག་ཏུ་གཏམ་བཤད་སྤེལ་ནས། ཁེ་ལས་ཀྱི་ཐོན་ལས་བཀོད་སྒྲིག་འཆར་འགོད་མཉམ་སྤྱོད་གནང་བ་དང་འབྱུང་འགྱུར་གྱི་མཉམ་ལས་ཁ་ཕྱོགས་ལ་རྒྱང་ལྟ་བྱས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ“ཆབ་མདོ་གྲོང་ཁྱེར་གྱི་ཚོང་འགུགས་གཞུང་ཚབ་ཆེ་མོ་བ”གདན་ཞུས་ལས་བསྐོས་ཀྱི་མཛད་སྒོ་འཚོགས་ནས། ཚོང་འགུགས་གཞུང་ཚབ་ཆེ་མོ་བ་5ལ་ལག་ཁྱེར་སྤྲད་དེ། ཚོང་ཚོགས་དང་། ཤང་གི་མཁས་པའི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། གྲོང་ཁྱེར་ཡོངས་ཀྱི་གནད་སྨིན་ཚོང་འགུགས་ལ་རམ་འདེགས་བྱས་པ་རེད།

