འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་8པའི་ཚེས་18ཉིན།“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་སྐབས་གཉིས་པའི་རྫོང(ཆུས)ཁག་གི་ཁྱད་ལྡན་རྣམ་གྲངས་འགྲེམས་སྟོན་བྱེད་སྒོ་དེ་ཇ་རྟའི་ཐང་ཆེན་དུ་མཇུག་བསྒྲིལ་ཡོད། རྫོང(ཆུས)ཁག་གི་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས་དང་། ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས། གྱོན་ཆས་སོགས་རེས་མོས་ངང་འགྲེམས་སྟོན་བྱས་པས། གྲོང་མི་དང་ཡུལ་སྐོར་བ་མང་པོའི་ཡིད་དབང་ཡོངས་སུ་བཀུག་ཡོད།
ཇ་རྟའི་ཐང་ཆེན་དུ་སྐྱོད་སྐབས།ཁ་རུབ་ཆུས་ཀྱི་ཤིང་བརྐོས་ལག་ཤེས་བཟོ་རྩལ་འགྲེམས་ཁུལ་དུ་སྤྱོད་གོ་ཆོད་པའི་ཁྱིམ་ཆས་ཆུང་ངུ་རེ་རེ་ནི་གནའ་ཉམས་དང་བབ་ཆགས་ལྡན་པ་ཡོད་པས། གྲོང་མི་ཚོས་རིན་གོང་ག་ཚོད་ཡིན་པ་སོགས་བཀའ་འདྲི་གནང་བར་ཕེབས་ཀྱི་ཡོད་པ་རེད།
མཛོ་སྒང་རྫོང་གི་སྨད་ཡུལ་རྟ་རྒྱན་འགྲེམས་ཁུལ་དུ། རྟ་རྒྱན་རྣམས་བཟོ་བཀོད་ལེགས་ལ་སྤུས་ཚད་ཡག་པ།དྲེལ་པའི་རིག་གནས་དང་གསར་བརྗེའི་རིག་གནས་གཉིས་དང་ཟུང་འབྲེལ་བྱས་པ། ལྟད་མོའི་རང་བཞིན་དང་གསར་བརྗེའི་རིག་གནས་ལྡན་པས་ས་གནས་ས་ཐོག་ཏུ་ཀུན་གྱིས་དོ་སྣང་བྱེད་པའི་གནས་ཤིག་ཏུ་གྱུར་ཡོད།
རི་བོ་ཆེ་རྫོང་གི་ཁ་ཚོས་འགྲེམས་ཁུལ་དུ་མི་མང་པོ་འཛོམས་ཡོད་པ་དང་། ཉུང་མ་ནི་ས་གནས་དེ་གའི་མི་རབས་ནས་མི་རབས་བར་གྱི་ཁྱད་ལྡན་ཞིམ་ཟས་ཤིག་རེད། འགྲེམས་སྟེགས་ཐོག་རླུང་སྐམ་ཁ་ཚོས་དང་ཉུང་མས་བཟོས་པའི་ཐོན་རྫས་མང་པོ་བཏོན་ཡོད་པས། མང་ཚོགས་མི་ཉུང་བ་ཞིག་དེའི་བྲོ་བ་མྱོང་བར་ཕེབས་ཡོད་པ་རེད།
དཔལ་འབར་རྫོང་གི་བོད་གྲོ་འགྲེམས་འཚོང་ཁུལ་དུའང་འཁྲུག་ཆ་དོད་པོ་ཡོད་པ་རེད།བོད་གྲོ་ནི་དཔལ་འབར་གྱི་ཁྱད་ལྡན་ཞིང་ལས་སྐྱེ་དངོས་ཤིག་ཡིན་པ་དང་། བྲོ་བ་ཆེ་བ་ལ་གྲོད་པ་རྒྱགས་སླ་བའི་ཁྱད་ཆོས་ལྡན་པས།ས་གནས་དེ་གའི་མི་སེར་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།འགྲེམས་འཚོང་ཁུལ་དུ་བོད་གྲོའི་མ་བཅོས་འབྲུ་རྡོག་དང་།ཁྱད་ལྡན་ཞིམ་ཟས།བོད་གྲོ་ཡིས་བཟོས་པའི་ཞིམ་ཟས་སྣ་ཚོགས་བཤམས་སྟོན་བྱས་པ་ལས།ཞིང་ལས་སྐྱེ་དངོས་དེ་སྲོལ་རྒྱུན་གྱི་བཟའ་འབྲུ་ནས་ཁྱད་ལྡན་ཞིང་ལས་ཐོན་རྫས་སུ་ཕྱོགས་སྒྱུར་རིམ་སྤོར་ཐུབ་པས། བོད་གྲོ་དེ་དཔལ་འབར་རྫོང་གི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་འགག་རྩའི་ཀ་རྟེན་དུ་གྱུར་ཡོད། ཐེངས་འདིའི་འགྲེམས་སྟོན་གྱིས་འགྲན་རའི་གྲུབ་འབྲས་མང་ཚོགས་ཀྱི་སར་བསྐྱལ་ཏེ།ས་གནས་ཀྱི་ལག་རྩལ་པར་རང་ཉིད་ཀྱི་རྩལ་མངོན་པའི་ལས་སྟེགས་ཤིག་བསྐྲུན་ཡོད།དེས་ཆབ་མདོའི་མི་རིགས་རིག་གནས་དང་ཞིང་འབྲོག་ཐོན་ཁུངས་སྔོག་འདོན་དང་ཁྱབ་གདལ་བཏང་བ་མ་ཟད།སྲོལ་རྒྱུན་ལག་རྩལ་གསར་གཏོད་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ།རིག་གནས་དང་ཡུལ་སྐོར་མཉམ་འདྲེས་དང་གྲོང་གསེབ་དར་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད།

