国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年08月21日

ལའོ་ཆིན་འུའུ་ཡིས་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གཉིས་པའི་གྲ་སྒྲིག་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ8ཚེས17ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་ཆབ་མདོ་གྲོང་ཁྱེར་གྱི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གཉིས་པའི་གྲ་སྒྲིག་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ་དང་། གྲོང་ཁྱེར་གྱི་འགོ་ཁྲིད་ཐན་ཧའོ་དང་ལི་ཧྲུའུ་གོ་ལྷན་དུ་ཕེབས་ཡོད་པ་རེད།

ཇ་རྟའི་ཐང་ཆེན་དུ།ལའོ་ཆིན་འུའུ་ཡིས་ཡུལ་དངོས་སུ་ཁོར་ཡུག་བཅོས་སྒྲིག་དང་ས་ཆ་དོ་དམ། རྟེན་འབྲེལ་སྒྲིག་པ་སོགས་ཀྱི་ལས་དོན་ལ་གཟིགས་ཞིབ་གནང་བ་རེད། ཁོང་གིས་དོ་དམ་བདག་གཉེར་ཚད་དང་ལྡན་ལ་ཞིབ་ཅིང་ཕྲ་བར་བཟོས་ཏེ།གྲོང་ཁྱེར་གྱི་རྣམ་པ་དང་སྤུས་ཀ་ཁྱོན་ཡོངས་ནས་གོང་མཐོར་བཏང་ནས། བཀྲ་ཤིས་དགེ་ལེགས་འཕེལ་བའི་དགའ་སྟོན་གྱི་རྣམ་པ་གང་ལེགས་སྟོན་དགོས་ཞེས་ནན་གསུང་གནང་ཡོད་པ་རེད།

སྐུ་མགྲོན་དང་འཁྲབ་སྟོན་མི་སྣའི་སྡོད་སར། ལའོ་ཆིན་འུའུ་ཡིས་ཟས་སྡོད་འགན་སྲུང་དང་འཕྲོད་བསྟེན་བདེ་འཇགས།རྒྱབ་ཕྱོགས་ཞབས་ཞུ་སོགས་འགན་སྲུང་གི་ལས་ཀར་ཞིབ་བཤེར་གནང་བ་རེད། ཁོང་གིས་ཞབས་ཞུ་རབ་ཏུ་ལེགས་ལ་བདེ་འཇགས་མཆོག་ཏུ་འཛིན་ནས།ཕྱོགས་ཀུན་གྱི་བདེ་འཇགས་ལ་ལྷོད་གཡེང་སྤུ་ཙམ་མི་ཤོར་བར་དགའ་འོས་པའི་འགན་སྲུང་གི་ཞབས་ཞུ་ཚགས་སུ་ཚུད་པར་བསྒྲུབ་དགོས་ཞེས་ནན་གསུང་གནང་ཡོད།

འགོ་ཚུགས་མཛད་སྒོའི་ནང་སྦྱོང་བྱ་ཡུལ་དུ། ལའོ་ཆིན་འུའུ་ཡིས་ནང་སྦྱོང་བྱེད་ལུགས་ལ་མགོ་ནས་མཇུག་བར་གཟིགས་ཞིབ་གནང་བ་རེད།ཁོང་གིས་བདེ་འཇགས་ཀྱི་མཐའ་ཚད་བསྲུངས་ནས་ཁུ་བསྡུ་ལ་ཉམས་དྲོ་བ།གོ་འཕེར་ལ་བོགས་ཆེ་བའི་རྩ་དོན་ལྟར། གཟབ་ནན་ཞིབ་གསུམ་དང་གོ་རིམ་ཚགས་སུ་ཚུད་པ།རྒྱུ་དག་སྤུས་གཙང་གི་སྒོ་ནས་ཁྱད་ཆོས་འབུར་དུ་ཐོན་པ་ཟབ་རྒྱས་ཆེ་བའི་རིག་གནས་ཀྱི་དགའ་སྟོན་གྱ་ནོམ་པར་གཤོམ་དགོས་ཞེས་བསྟན་ཡོད་པ་རེད། ལའོ་ཆིན་འུའུ་ཡིས་ད་དུང་ཁྲུང་ཆིང་དང་ཐེན་ཅིན།ནག་ཆུ་དང་མངའ་རིས་སོགས་ཀྱི་འཁྲབ་སྟོན་ནང་ཞུགས་མཁན་འཐུས་ཚབ་ཚོགས་པར་འཚམས་འདྲི་གནང་བ་རེད།ཁོང་གིས་ད་ཐེངས་ཀྱི་སྒྱུ་རྩལ་དུས་ཆེན་ནི་ས་ཕྱོགས་ཁག་གི་རིག་གནས་མཉམ་འགུལ་ཟབ་ཏུ་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་ཡིན་པས།ས་གནས་ཁག་གིས་སྒྱུ་རྩལ་ཟམ་དུ་བྱས། རིག་གནས་མཉམ་ཤུགས་སུ་བརྩིས་ཏེ།འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་གཏིང་ཟབ་ཀྱི་སྒོ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ས་ཁོངས་ཀྱི་ཁྱད་ལྡན་རིག་གནས་ཀྱི་སྤུས་རྟགས་ཐུན་མོང་ཐོག་བཏོད་དེ། མི་རིགས་མཐུན་སྒྲིལ་དང་རིག་གནས་མཉམ་དར་མཉམ་རྒྱས་ཡོང་བའི་གོང་འཕེལ་གྱི་རྣམ་པ་གསར་པ་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།