འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ8པའི་ཚེས19ཉིན་གྱི་སྔ་དྲོ། ཆབ་མདོ་གྲོང་ཁྱེར་གྱི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གཉིས་པ་གཟབ་རྒྱས་ངང་འགོ་ཚུགས་པ་རེད། གསར་བརྗེའི་ནང་དོན་ཕུན་སུམ་ཚོགས་ལ་གཙང་གསུམ་གྱི་ཡུལ་སྲོལ་གོམས་གཤིས་ལྡན་པ་དང་། ཁམས་པའི་དམངས་སྲོལ་གྱི་རིག་གནས་སྟོན་མོ་གཟབ་རྒྱས་ཤིག་བཤམས་ནས། མི་རིགས་ཁག་གི་མང་ཚོགས་མཉམ་དུ་འཛོམས་ཏེ་རིག་གནས་དང་ཡུལ་སྐོར་གྱི་འདུ་ཚོགས་གཟབ་རྒྱས་ལ་མྱོང་རོལ་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།ཐེངས་འདིའི་སྒྱུ་རྩལ་དུས་ཆེན་ནི་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གཙོ་སྒྲུབ་དང་།ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་གཅིག་པ་དང་ཆབ་མདོ་གྲོང་ཨུད་དྲིལ་བསྒྲགས་པུའུ། གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་བཅས་ཀྱིས་འགན་སྒྲུབ་བྱས་པ་ཞིག་ཡིན།འགོ་ཚུགས་མཛད་སྒོ་ནི་བརྗིད་ཉམས་ལྡན་པའི་རྒྱལ་གླུ་ཁྲོད་དངོས་སུ་འགོ་ཚུགས་པ་རེད། གླུ་གར་དང་མཛེས་ལྗོངས་རེས་མོས་འཁྲབ་སྟོན་བྱས་ལ་འཁྲབ་སྟོན་པ་ཚོས་མི་རིགས་ཀྱི་གྱོན་ཆས་མནབས་ཏེ་སྐད་གསང་མཐོན་པོའི་གླུ་སྒྲ་དང་ལྡེམ་མྱུར་ལྡན་པའི་གར་སྟབས་ཐོག་ནས་ཇ་རྟའི་གནའ་ལམ་གྱི་ལོ་ཟླའི་སྐོར་བརྗོད་པ་དང་།གསར་བརྗེའི་འབད་འཐབ་ཀྱི་ལོ་རྒྱུས་ལ་ཕྱིར་དྲན་བྱས་ཤིང་།གཙང་གསུམ་ས་གཞི་ཆེན་པོའི་མཛེས་ལྗོངས་དང་ཐུན་མོང་མ་ཡིན་པའི་དམངས་སྲོལ་ལེ་ཚན་མཚོན་པ།མངོན་མིན་རིག་གནས་ཤུལ་བཞག་གི་ནང་དོན་ཟབ་མོ་དང་དུས་རབས་གསར་པའི་ཉམས་འགྱུར་མངོན་པར་བྱས་པ་རེད།ཞབས་བྲོ《མཁའ་ལམ་གྱི་ཞབས་བྲོ།317གྱི་དགའ་སྤྲོའི་ཡུལ་སྐོར》ཞེས་པ་ཞབས་བྲོའི་རྣམ་པའི་རིག་གནས་ཡུལ་སྐོར་གར་སྟེགས་བསྐྲུན་ནས་ཆབ་མདོ་དང་། ནག་ཆུ། མངའ་རིས་བཅས་ས་ཁུལ་གསུམ་གྱི་ཞབས་བྲོ་མཁས་ཅན་གྱིས་གར་སྟེགས་ཐོག་མཉམ་དུ་སྒྱུ་རྩལ་འཁྲབ་སྟོན་བྱས་ཡོད་ལ། སྨར་ཁམས་ཀྱི་པི་ཝང་ཞབས་བྲོ་དང་། སྟེང་ཆེན་གྱི་རས་པ། བྱང་ཐང་གི་ཞབས་བྲོ། མངའ་རིས་ཀྱི་ཞབས་བྲོ་བཅས་རེས་མོས་ངང་འཁྲབ་ནས་མི་རིགས་ཁག་དབར་སྤེལ་རེས་ཀྱི་ཉམས་འགྱུར་ཟབ་མོ་ལྡན་པའི་མཛེས་ཉམས་མངོན་པར་བྱས་པ་དང་། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་སྔོག་འདོན་བྱས་ཤིང་ཀྲུང་ཧྭའི་རིག་གནས་སྣ་མང་གཞི་གཅིག་ཏུ་འགྱུར་བ་བྱེད་པའི་རིག་གནས་སྣ་ཚོགས་ཀྱི་རྣམ་པ་བཏོད་ཡོད་པ་རེད། ཁྲུང་ཆིང་དང་། ཐེན་ཅིན། ཧྥུའུ་ཅན་བཅས་ཀྱི་བོད་སྐྱོར་རིག་རྩལ་དཔུང་ཁག་གིས་ཁྱད་ལྡན་མཉམ་འཁྲབ་བྱས་ཤིང་། རིག་རྩལ་འབྲེལ་ཟམ་དུ་བྱས་ཏེ་ཁྲུང་ཆིང་དང་། ཐེན་ཅིན། ཧྥུའུ་ཅན་བཅས་ཀྱིས་ཆབ་མདོར་ཁ་གཏད་བོད་སྐྱོར་བྱས་པའི་བརྩེ་དུང་ཟབ་མོ་བརྗོད་ཡོད་པ་རེད།
ས་ཡུལ་དངོས་སུ་རྣམ་པ་འཁྲུག་ཆ་དོད་པ་དང་ཁྱད་ལྡན་གྱི་ལེ་ཚན་དེ་དག་ལ་དེར་ཡོད་ཀྱི་ལྟད་མོ་ལྟ་མཁན་ཚོས་དགའ་བསུ་ཡང་ཡང་ཞུས་ཤིང་།མི་ཚང་མས་ལག་ཐོགས་ཁ་པར་བཟུང་ནས་ཡུལ་དངོས་ཀྱི་ངོ་མཚར་ཆེ་བའི་རྣམ་པར་བརྙན་པར་རྒྱག་པ་དང་། དུས་སྐབས་འགར་དགའ་སྤྲོའི་དགོད་སྒྲ་སྒྲོག་པ་སོགས་མི་རིགས་ཁག་དབར་རིག་གནས་མཉམ་འདྲེས་ཀྱི་རྣམ་པ་ཟབ་མོ་མྱོང་ཚོར་བྱེད་ཅིང་། ཕ་ཡུལ་གྱི་རིག་གནས་འཕེལ་རྒྱས་ལས་བྱུང་བའི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ལ་མྱོང་རོལ་བྱེད་བཞིན་ཡོད་པ་རེད།
ངོ་མཚར་ཆེ་བའི་ལེ་ཚན་རེ་རེ་བཞིན་འཁྲབ་པ་དེར་རྒྱབ་ཕྱོགས་ཀྱི་མཁོ་སྒྲུབ་འགན་ལེན་ཚོགས་པས་ནུས་ཤུགས་ཡོད་རྒུས་འགན་སྲུང་གང་ལེགས་བྱས་པར་ཁ་འབྲལ་ཐབས་མེད་པ་ཡིན། གར་སྟེགས་བཟོ་བསྐྲུན་དང་གློག་སྒྲོན་སྒྲ་སྐྱེད་འཕྲུལ་ཆས་ཀྱི་སྒྲིག་ཆས་སྙོམས་སྒྲིག་ཚོད་ལྟ་བྱེད་པ་ནས་ས་ཡུལ་དངོས་ཀྱི་སྒྲིག་ལམ་སྲུང་སྐྱོང་དང་། ལྟད་མོ་ལྟ་མཁན་ཚོར་ལམ་སྟོན་སྣེ་ཁྲིད། དངོས་ཟོག་མཁོ་སྤྲོད་བཅས་ཀྱི་བར་དུ་རྒྱབ་ཕྱོགས་ལས་གནས་ཁག་གི་ལས་དོན་མི་སྣ་ཚོས་སྔ་ཙམ་ནས་བཀོད་སྒྲིག་དང་རང་འགན་ལེགས་སྒྲུབ་བཅས་བྱས་ཏེ་འགོ་ཚུགས་མཛད་སྒོ་བདེ་འཇགས་དང་བདེ་བླག་ངང་གཉེར་ཆེད་འགན་སྲུང་གི་རྨང་གཞི་བརྟན་པོ་བཏིང་བ་དང་། བརྒྱུད་རིམ་ཁག་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱས་པ་རེད། ད་ཐེངས་ཀྱི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་ནི་ཆབ་མདོའི་རིག་གནས་ཀྱི་ནང་དོན་ཟབ་མོ་མཚོན་པའི་གར་སྟེགས་ཤིག་ཡིན་ལ།མི་རིགས་ཁག་དབར་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བཅས་ཟབ་ཏུ་གཏོང་བའི་ལས་སྟེགས་ཡག་ཤོས་ཤིག་ཀྱང་ཡིན་པ་རེད།འདུ་ཚོགས་གཟབ་རྒྱས་འདིར་རིག་གནས་ཀྱིས་སྟོབས་ཤུགས་གཅིག་སྒྲིལ་དང་རིག་གནས་ཡུལ་སྐོར་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཏེ་ཆབ་མདོ་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བའི་གསོན་ཤུགས་གང་ལེགས་མངོན་པར་བྱས་ཡོད་པ་རེད།
ཆབ་མདོ་གྲོང་ཁྱེར་གྱི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གཉིས་པའི་འགོ་ཚུགས་མཛད་སྒོའི་འཁྲབ་ཁྲིད་པ་དོན་གྲུབ་ལྷ་རྒྱལ་གྱིས“ད་ཐེངས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག‘ཆབ་མདོའི་གཙང་གསུམ་ཉམས་འགྱུར’ལ་དམ་པོར་དམིགས་ཏེ་ཆབ་མདོའི་ཐུན་མོང་མ་ཡིན་པའི་ས་ཁོངས་ཀྱི་ཁྱད་ཆོས་གཙོ་གནད་ཐོག་འབུར་དུ་ཐོན་པ་དང་། གཙང་གསུམ་འབབ་ཁུལ་གྱི་རི་ཆུ་དང་ཇ་རྟའི་ཚོང་ལམ་གྱི་ལོ་ངོ་སྟོང་གི་རིག་གནས་ལོ་རྒྱུས་དང་རྩ་ཆེའི་གསར་བརྗེའི་ལོ་རྒྱུས། ད་དུང་ཕུན་སུམ་ཚོགས་པའི་ཁམས་པའི་མངོན་མིན་རིག་གནས་ཤུལ་བཞག་དམངས་སྲོལ་ཡང་མངོན་པར་བྱས་ཡོད། རིག་གནས་འདུ་ཚོགས་གཟབ་རྒྱས་དེ་རིག་གནས་དང་ཡུལ་སྐོར་གྱི་སྣེ་ཁྲིད་སྐར་ཁུང་དུ་འགྱུར་བ་བྱས་ཏེ་ཆབ་མདོའི་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་རམ་འདེགས་ཐུབ་པའི་རེ་བ་ཞུ་བ་དང་མི་ཚང་མ་མཛེས་སྡུག་ལྡན་པའི་ཆབ་མདོར་ཡུལ་སྐོར་ཡོང་རྒྱུའི་དགའ་བསུ་ཞུ་བ་ཡིན”ཞེས་བཤད།

