འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ8ཚེས14ཉིན། བོད་རང་སྐྱོང་ལྗོངས་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གཞུང་དོན་ཁང་གིས་གཙོ་སྒྲུབ་དང་། ཀྲུང་གུང་ཆབ་མདོ་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་ཀྲུང་གུང་རི་བོ་ཆེ་རྫོང་ཨུད་དང་རི་བོ་ཆེ་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་འགན་སྒྲུབ་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི2026ལོའི་ང་ཚོའི་དུས་ཆེན། བདུན་པའི་ཚེས་བདུན་ཞེས་པའི་ཆབ་མདོའི་དཔེ་སྟོན་བྱེད་སྒོ་དེ། རྒྱལ་ཡོངས་ཤེས་དཔལ་དཔེ་སྟོན་གྲོང་ཚོ་སྟེ་རི་བོ་ཆེ་རྫོང་ས་མདོ་གྲོང་རྡལ་བཀྲ་ཤིས་དགོན་གྲོང་ཚོར་སྤེལ་བ་རེད།
སྔ་དྲོའི་ཆུ་ཚོད་དགུ་དང་ཕྱེད་ཀའི་ཐོག་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག《གླིང་བྲོས》མདུན་བསུས་ཏེ་བྱེད་སྒོ་དངོས་སུ་འགོ་ཚུགས་པ་དང་། གནའ་རབས་ཀྱི་དམངས་སྲོལ་དང་བདུན་པའི་ཚེས་བདུན་གྱི་བརྗོད་དོན་གཅིག་ཏུ་བསྡེབས་ནས། བོད་ཤར་རིག་གནས་ཀྱི་ཁྱད་ཡོན་མངོན་པར་གསལ་ཡོད།
ཁྱིམ་སྲོལ་རྒྱུད་འཛིན་གྱི་བྱེད་སྒོ་ལ་གཉེན་སྒྲིག་བྱས་ནས་ལོ་ཉེར་ལྔ་ལོན་པ་དང་ལོ་ལྔ་བཅུར་ལོན་པའི་བཟའ་ཚང་རྣམས་གདན་འདྲེན་ཞུས་ཏེ་མྱོང་ཚོར་གླེང་བ་དང་། དྭངས་གཙང་ལྷད་མེད་ཀྱི་སྒོ་ནས་ཕར་དགའ་ཚུར་དགའ་དང་རྒན་བཀུར་གཞོན་སྐྱོང་བྱེད་དགོས་པའི་ཁྱིམ་སྲོལ་བཟང་པོ་མ་གསང་ལྷུག་པོར་ཞུས་ཡོད་པ་རེད།
གཞོན་ནུ་མཛའ་འབྲེལ་ཡུལ་དངོས་སུ་ཕོ་ཧྲེང་མོ་ཧྲེང་ལྔ་བཅུ་ཐམ་པ་རྒྱན་འཐེན་ནས་ཚོ་ཆུང་བགོས་ཏེ། སྤྲོ་སྣང་ལྡན་པའི་རོལ་རྩེད་སྣ་ཚོགས་བརྩེས་ནས་གཅིག་རྒྱུས་གཅིག་ལོན་བྱུང་བ་དང་། ངོ་ཤེས་སྒྲིག་པའི་མཛད་སྒོའི་ཐོག་ཚང་མས་སྨོན་ཚིག་བྲིས་ནས་བཀལ་བ་རེད། ལས་འབྲེལ་སྨོན་ཤིང་དང་སེམས་མཐུན་སྒོ་ལྕགས་བཟོ་སར་འཚང་ཁ་ཧ་ཅང་ཆེ་ལ། མང་ཚོགས་ཚོས་སྨོན་བྱང་འབྲི་བ་དང་། བདེ་སྨོན་སྒོ་ལྕགས་དང་སེམས་མཐུན་སྒོ་ལྕགས་བཟོ་བ་སོགས་དུས་གཏན་དུ་བརྗེད་ཐབས་མེད་པའི་བདུན་པའི་ཚེས་བདུན་དགའ་སྟོན་གྱི་དཔལ་ལ་རྣམ་པར་མྱོས་ཡོད།
བྱེད་སྒོའི་ཐོག་རྒྱ་བོད་གཉིས་ཀའི་ལུགས་སུ་བྱས་པའི་སྲོལ་རྒྱུན་གྱི་གཉེན་སྟོན་ཉམས་ལེན་ཁུལ་ནི་ཀུན་ལས་ཁྱད་དུ་འཕགས་པ་བྱུང་ཡོད། ཡུལ་དངོས་ནས་བག་སྟོན་གྱི་ཞྭ་མོ་བཞེས་ཤིང་ཡབ་ཡུམ་ལ་ཕྱག་འཚལ་བ་སོགས་རྒྱ་ལུགས་ཀྱི་གཉེན་སྟོན་ཉམས་སུ་མྱོང་ཆོག་ལ་བག་མ་བསུ་ལེན་དང་ཕྱེ་མར་བཀྱགས་པ། གཉེན་བཤད་བྱེད་པ་སོགས་བོད་ལུགས་ཀྱི་གཉེན་སྟོན་ཡང་ཉམས་སུ་མྱོང་རྒྱུ་ཡོད་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་མངོན་མིན་རིག་གནས་ཤུལ་བཞག་གི་འགྲེམས་སྟོན་ཉམས་ལེན་ཁུལ་དང་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་འགྲེམས་འཚོང་བྱེད་ས་ཡང་བཀོད་སྒྲིག་བཟོས་འདུག་ལ། ཉིན་གང་སྒོ་ཕྱེ་བཞིན་ཡོད་པས་མི་མང་པོ་ཞིག་འཛོམས་ནས་ལྟད་མོ་ལྟ་བ་དང་ཉོ་ཆ་རྒྱག་པ་སོགས་ཅི་དགར་གནང་ཡོད་པ་རེད།
བྱེད་སྒོའི་ཐོག་མི་རིགས་ཀྱི་གླུ་གར་དང་མངོན་མིན་རིག་གནས་འགྲེམས་སྟོན། དམངས་སྲོལ་ཉམས་ལེན། གཞོན་ནུ་མཛའ་འབྲེལ་སོགས་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས། སྲོལ་རྒྱུན་ལ་རྒྱུས་ལོན་དང་སྲོལ་རྒྱུན་ལ་བརྩི་འཇོག སྲོལ་རྒྱུན་རྒྱུན་འཛིན་དང་སྲོལ་རྒྱུན་དར་སྤེལ་སོགས་ལ་སྔར་བས་ཁྲིད་སྟོན་ལེགས་པར་བྱུང་སྟེ། སྲོལ་ངན་བསྒྱུར་བཅོས་དང་སྲོལ་བཟང་དར་སྤེལ་གྱིས་ཡ་རབས་སྐྱོན་བྲལ་གྱི་སྤྱི་ཚོགས་ཁོར་ཡུག་དང་ཡར་ཐོན་བཟང་ཕྱོགས་ཀྱི་མི་ཆོས་སྲོལ་ལུགས་རྣམ་པར་མངོན་ཞིང་། ཁྱིམ་ཚང་འཆམ་མཐུན་དང་སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་ཆེས་ཆེར་ཐེབས་ཡོད་པ་རེད།

