国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年08月18日

གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གཉིས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་8པའི་ཚེས་14ཉིན། ཆབ་མདོ་གྲོང་ཁྱེར་གྱི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གཉིས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཡོད། སྐབས་འདིའི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་དེ་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། ཆབ་མདོ་གྲོང་ཁྱེར་གྱི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གཉིས་པའི་སྒྲིག་འཛུགས་ཨུ་ལྷན་དང་ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་གཅིག་པས་གཉེར་འགན་འཁུར་བ་ཞིག་ཡིན་པ་དང་། 2026ལོའི་སྤྱི་ཟླ་8པའི་ཚེས་19ཉིན་ནས་ཚེས21ཉིན་བར་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སུ་གཉེར་རྒྱུ་རེད།

ཡོངས་བསྒྲགས་ཚོགས་འདུའི་ཐོག གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་སྐབས་འདིའི་སྒྱུ་རྩལ་དུས་ཆེན་གྱི་གྲ་སྒྲིག་གནས་ཚུལ་དང་བྱེད་སྒོའི་ནང་དོན་ཐད་སྤྱིའི་ཆ་ནས་ངོ་སྤྲོད་བྱས་པ་རེད། ད་ཐེངས་ཀྱི་སྒྱུ་རྩལ་དུས་ཆེན་གྱིས“དམར་མདངས་ཆབ་མདོ། ཇ་རྟའི་རིག་གནས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས། “དགའ་སྤྲོ་འཁོལ་བ་དང་། བདེ་འཇགས་བརྟན་ལྷིང་། དངོས་སྒྲུབ་གྲོན་ཆུང”བཅས་ཀྱི་དུས་ཆེན་གཉེར་བའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་དང་། རོལ་དབྱངས་དུས་ཚིགས།

ཚོང་འགུགས་འོས་སྦྱོར་བཅས་ཁྱད་ཆོས་ཆེན་པོ་གསུམ་ལ་དམིགས་ནས། “རིག་གནས་ཡུལ་སྐོར་ཐོག་ནང་དོན་གཞན་སྣོན་པའི”ལས་རྣམ་སྣ་ཚོགས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། རིག་གནས་ཉམས་ལེན་དང་། དཔལ་འབྱོར་ཚོང་དོན་སྤེལ་རེས། སྤྲོ་གསེང་ཡུལ་སྐོར་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་སྟོན་ཚོགས་གཟབ་རྒྱས་ཤིག་གཏོད་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་སྒྱུ་རྩལ་དུས་ཆེན་ལ་ཁྱད་ཆོས་ཆེན་པོ་གསུམ་ཡོད་པ་སྟེ། གཅིག་ནི་བརྗོད་དོན་གཙོ་བོའི་འགོ་ཚུགས་མཛད་སྒོ་བཏོད་དེ་བོད་ཤར་རིག་གནས་ཀྱི་ཉམས་འགྱུར་གསར་པ་མངོན་པར་བྱས་པ་དང་། གཉིས་ནི་ཚོང་འགུགས་འོས་སྦྱོར་གྱི་ལས་སྟེགས་བཏོད་དེ་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་ཤུགས་བརྒྱབ་པ། གསུམ་ནི་རོལ་དབྱངས་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཏེ་རིག་གནས་ཡུལ་སྐོར་གྱི་ཉམས་ལེན་རྣམ་པ་གསར་པ་བཏོད་པ་བཅས་ཡིན། མིག་སྔར། ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།