འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་8པའི་ཚེས་11ཉིན། “ཞིང་ཆེན་དང་རང་སྐྱོང་ལྗོངས་བཞིའི་ཁུལ་གསུམ་དང་གྲོང་ཁྱེར་གསུམ”གྱིས་དུས་བདེའི་མཛའ་གྲོགས་ཀྱི་མཐའ་མཚམས་མཉམ་སྐྲུན་དང་དམངས་སྲིད་ལས་དོན་གྱི་བགྲོ་གླེང་ཚོགས་འདུ་སྐབས་བཅུ་གསུམ་པ་ཆབ་མདོར་འཚོགས་པ་རེད། ཚོགས་འདུའི་ཐོག་དམངས་སྲིད་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་རྒྱལ་ཡོངས་དམངས་སྲིད་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་སྐུལ་སྤེལ་ཚོགས་འདུ་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་ཐིང་ཀྲང་གཞོན་པ་སྐོར་གཟིགས་པ་རིམ་པ་དང་པོ་འཇམ་དབྱངས་སྐལ་བཟང་གིས་ཤིས་ཚིག་གསུངས་པ་དང་། ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ཐན་ཧའོ་ཡིས་གསུང་བཤད་གནང་བ། ཆབ་མདོ་གྲོང་ཁྱེར་གྱི་ཧྲེ་ཀྲང་གཞོན་པ་ཕུའུ་ཡུས་ཧུའེ་དང་ཉི་མ་ཚེ་རིང་ཚོགས་འདུ་ཞུགས་པ་རེད།
ཚོགས་འདུའི་ཐོག ཞིང་ཆེན་དང་རང་སྐྱོང་ལྗོངས་བཞིའི་བོད་རིགས་ས་ཁུལ་གྱི་རི་ཆུ་འབྲེལ་བ་དང་། སྤྱི་ཚོགས་ཀྱི་རིག་གནས་མཐུན་པ། དམངས་སྲོལ་གཅིག་ཏུ་འབྲེལ་བ། མཚོ་བོད་ས་མཐོའི་ལྟེ་བའི་ཁུལ་དུ་ཆགས་ཡོད་པས། ཞིང་ཆེན་དང་རང་སྐྱོང་ལྗོངས་བཞིའི་བོད་རིགས་ས་ཁུལ་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་དང་འཐབ་ཇུས་ཐོན་ཁུངས་གྲབས་གསོག་རྟེན་གཞི་གལ་ཆེན་ཞིག་རེད།ས་ཁོངས་འདིའི་དམངས་སྲིད་ལས་དོན་ཡག་པོ་བསྒྲུབ་རྒྱུར་དམིགས་བསལ་དང་གཏིང་ཟབ་ཀྱི་འཐབ་ཇུས་ཀྱི་དོན་སྙིང་ལྡན་ཡོད། ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ནས། ཐོག་མཐའ་བར་གསུམ་དུ་མཐའ་མཚམས་ཀྱི་ལས་དོན་དེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་སྤྱི་ཡོངས་ནང་བཞག་ནས་འཆར་འགོད་བྱེད་པ་དང་ བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞིའི”ནང་བཞག་ནས་སྐུལ་འདེད་གཏོང་བ། དམངས་སྲིད་ལ་བརྟེན་ནས་དམངས་སེམས་བརྟན་དུ་གཏོང་བ་དང་། དམངས་སེམས་ལ་བརྟེན་ནས་མཐའ་མཚམས་བརྟན་དུ་གཏོང་བ། མཐའ་མཚམས་ལ་བརྟེན་ནས་སྤྱི་ཡོངས་ལ་སྲུང་སྐྱོང་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་དེ་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞིའི་བོད་རིགས་ས་ཁུལ་གྱི་མཐའ་མཚམས་མཉམ་སྐྲུན་མཉམ་སྤྱོད་ཀྱི་གསོན་ཉམས་དོད་པའི་ལག་ལེན་དུ་འགྱུར་བར་བྱེད་དགོས་ཞེས་བསྟན་ཡོད།
ཚོགས་འདུའི་ཐོག《“ཞིང་ཆེན་དང་རང་སྐྱོང་ལྗོངས་བཞིའི་ཁུལ་གསུམ་དང་གྲོང་ཁྱེར་གསུམ”གྱིས་དུས་བདེའི་མཛའ་གྲོགས་ཀྱི་མཐའ་མཚམས་མཉམ་སྐྲུན་གྱི་དྲན་ཐོ》དང《“ཞིང་ཆེན་དང་རང་སྐྱོང་ལྗོངས་བཞིའི་ཁུལ་གསུམ་དང་གྲོང་ཁྱེར་གསུམ”གྱི་དམངས་སྲིད་ཅུད་ཀྱི་དུས་བདེ་མཛའ་གྲོགས་ཀྱི་མཐའ་མཚམས་གྲོས་མཐུན་ཡི་གེར》མིང་རྟགས་བཀོད་པ་རེད།
སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དང་། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ། བོད་རང་སྐྱོང་ལྗོངས་ཀྱི་ནག་ཆུ་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར། ཆབ་མདོ་གྲོང་ཁྱེར་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་དམངས་སྲིད་ལས་དོན་དང་། དུས་བདེའི་མཐའ་མཚམས་གཏོད་པ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་སོགས་ཀྱི་ནང་དོན་ལ་དམིགས་ནས་སྤེལ་རེས་གཏམ་བཤད་བྱས་པ་རེད།

