འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ8ཚེས10ཉིན། དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན་ཞེས་པའི་མང་ཚོགས་རང་བཞིན་འགྲན་སྡུར་བྱེད་སྒོ་སྐབས་གཉིས་པའི་དེང་རབས་ལག་རྩལ་འགྲན་སྡུར་གྱི་གྲོང་ཁྱེར་རིམ་པའི་མཐའ་བསྡུར་ལས་ཉི་ནུས་སྒྲིག་ཆས་སྒྲིག་སྦྱོར་དང་། ས་བླུག་འཕྲུལ་འཁོར་གཏོང་ལུགས་དང་ཉམས་གསོའི་སྐོར་གྱི་འགྲན་སྡུར་གཉེར་བ་དང་། རྫོང་ཆུས11ནས་ཕེབས་པའི་འགྲན་ཞུགས་པ་རྣམས་ཀྱིས་རིམ་པར་རང་གི་ལག་ཤེས་རྩལ་དུ་སྤྲུགས་ནས་འགྲན་སྡུར་ཚད་པ་རེད།
ཉི་ནུས་སྒྲིག་ཆས་སྒྲིག་སྦྱོར་གྱི་འགྲན་སྡུར་བྱ་ཡུལ་དུ་འགྲན་ཞུགས་པ་རྣམས་རིམ་པར་ལངས་ཏེ།བདེ་འཇགས་དང་ལག་རྩལ་གྱི་ཚད་གཞི་ཇི་བཞིན་སྒྲིག་སྦྱོར་བྱས་པ་རེད།ལས་ཡུལ་རྟོག་ཞིབ་དང་རྒྱུ་ཆ་རྩིས་བཤེར།ཆ་ལག་ལྷུ་སྒྲིག་དང་ཤེལ་ལེབ་བསྒྲིགས་ནས་གློག་སྐུད་ཁྲིད་པ། འཕྲུལ་ཆས་ཚོད་སྒྲིག་སོགས་ལས་རིམ་མཐའ་དག་ཆད་ལུས་མེད་པར་བསྒྲུབས་ཡོད། དཔྱད་འདེམས་པས་མགོ་ནས་མཇུག་བར་ལས་ལུགས་ལས་སྟངས་ལ་བལྟས་ཤིང་། སྒྲིག་སྦྱོར་བྱེད་སྟངས་དང་གློག་སྐུད་ཁྲིད་ལུགས། ཡུལ་དངོས་སུ་བདེ་སྲུང་ཉེན་ཟོན་བྱེད་ལུགས་སོགས་ཕྱོགས་ཀུན་ལ་གཞིགས་ནས་སྐར་མ་བརྒྱབ་པ་རེད། འགྲན་སྡུར་གྱི་མཇུག་ཏུ་ཁ་རུབ་ཆུས་ཀྱི་ཟླ་བ་ཚེ་རིང་ཀུན་ལས་ཁྱད་དུ་འཕགས་ནས་ཨང་དང་པོ་ཐོབ་པ་རེད།
ས་བླུག་འཕྲུལ་འཁོར་གཏོང་ལུགས་དང་ཉམས་གསོའི་སྐོར་གྱི་འགྲན་སྡུར་བྱ་ཡུལ་དུ་འཁྲུག་ཆ་ཧ་ཅང་དོད་ལ། འགྲན་ཞུགས་པ11གིས་རེས་བསྐོར་ནས་ས་བླུག་འཕྲུལ་འཁོར་གཅིག་པ་བཏང་ནས་འགྲན་སྡུར་ལ་ཞུགས་པ་རེད། འཕྲུལ་འཁོར་གཏོང་ཁར་འཕྲུལ་ཆས་ལ་ཞིབ་བཤེར་ཅི་དགོས་ཐམས་ཅད་ལེགས་པར་གྲུབ་རྗེས། ཀྱག་ཀྱོག་གི་ལམ་ཐིག་ལྟར་འགྲོ་བ་དང་མོ་གཅུས་བརྒྱུས་པ། ལྷུ་ལག་མཐུད་སྦྱོར། འཕྲུལ་འཁོར་གྱི་ཁ་ལོ་མ་འཕྱུགས་པར་སྒྱུར་བ་སོགས་དཀའ་ཚེགས་ཆེ་བའི་རྣམ་གྲངས་མང་པོ་ཞིག་རིམ་པར་ལེགས་གྲུབ་བྱུང་བ་རེད། འཕྲུལ་འཁོར་བཏང་ཚར་རྗེས། འགྲན་ཞུགས་པ་ཚོས་ཡུལ་དངོས་ནས་སྐྱོན་ཆ་བརྟག་ཐབས་དང་ཉམས་གསོ་སྒྲིག་སྦྱོར་སོགས་སྐོར་གྱི་གནད་དོན་སྣ་ཚོགས་ལ་དྲིས་ལན་བཏབ་ཏུ་བཅུག་ནས་གཞུང་ལུགས་དང་ལག་ལེན་གཉིས་ཆ་ནས་རྒྱུགས་ལེན་པ་རེད། འགྲན་སྡུར་ཐེངས་མང་བྱས་རྗེས་དཔལ་འབར་རྫོང་སྐྱིད་གླིང་ཤང་གི་བསྟན་འཛིན་ལ་ཨང་དང་པོ་ཐོབ་པ་རེད།
ཐེངས་འདིའི་གྲོང་ཁྱེར་རིམ་པའི་མཐའ་བསྡུར་གྱིས་རང་ཡུལ་གྱི་ལག་རྩལ་ཅན་རྣམས་ལ་རང་གི་འཇོན་ཐང་ངོམ་སའི་མཐུན་རྐྱེན་ཞིག་སྦྱར་ཡོད། འགྲན་ཞུགས་པ་ཚོས་འགྲན་སྡུར་གྱི་ཁྲོད་ནས་ཕན་ཚུན་སློབ་སྦྱོང་གི་གོ་སྐབས་དམ་དུ་འཛིན་ནས། ཆབ་མདོའི་ལག་རྩལ་ཅན་གྱི་ཤེས་ལྡན་མི་སྣའི་ཉམས་བཟང་ཀུན་ནས་མངོན་ཞིང་། མང་ཚོགས་རྣམས་ལག་རྩལ་ལ་བརྟེན་ནས་ལས་ཞུགས་ཐུབ་པ་དང་གྲོང་གསེབ་དར་རྒྱས་ལ་ལག་རྩལ་གྱི་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད་པ་རེད།

