འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ8ཚེས9ཉིན་གྱི་སྔ་དྲོ། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་འགྲན་སྡུར་བྱེད་སྒོ་སྐབས་གཉིས་པའི་དེང་རབས་ལག་རྩལ་ལས་གློག་གི་ཚ་ལ་དང་ལྕགས་རྩིབས་བཟོ་ལས་འགྲན་སྡུར་གྱི་གྲོང་ཁྱེར་རིམ་པའི་མཐའ་བསྡུར་འགོ་ཚུགས་པ་རེད། གྲོང་ཁྱེར་ཡོངས་ཀྱི་རྫོང་ཆུས་ཁག་ནས་ཕེབས་པའི་ལག་རྩལ་པ་རྣམས་འགྲན་སྡུར་ཚད་ནས་ཆབ་མདོའི་འཐབ་ས་དང་པོ་ན་ཡོད་པའི་བཟོ་པ་ཚོའི་ཉམས་བཟང་ཕྱོགས་བཅུར་ངོམས་ཡོད།
འགྲན་སྡུར་གྱི་ཡུལ་དངོས་སུ་གོ་རིམ་ལྡན་ལ་སྤྲོ་སྣང་གིས་རྣམ་པར་ཁེངས་ཤིང་། གློག་གི་ཚ་ལ་འགྲན་ཁུལ་དུ་མེ་སྟག་ལམ་ལམ་མཆེད་པའི་དབུས་ནས་འགྲན་ཞུགས་པ་རྣམས་བློ་རྩེ་གཅིག་ཏུ་བསྒྲིམས་ནས་གདོང་ལ་ངོ་ཁེབས་གྱོན་ཏེ་ཚ་ལ་རྒྱག་བཞིན་འདུག་ལ།ལྕགས་སྣེ་མཐུད་པ་དང་བཟོ་ལྟ་འདོན་པ།འཇམ་རྡར་ལེན་པ་སོགས་ཆད་ལྷག་ཅི་ཡང་མེད་པ་བཟོ་བཀོད་ལེགས་པར་གྲུབ་ནས་བདེ་འཇགས་ཀྱི་ཚད་གཞི་དང་བཟོ་རྩལ་གྱི་ཆུ་ཚད་གཉིས་ཆ་ནས་ཡག་པོ་བྱུང་ཡོད་པ་རེད།
དཔྱད་འདེམས་པས་རེ་རེ་བཞིན་སྐར་མ་བརྒྱབ་རྗེས། མཐའ་མཇུག་ལ་ཁ་རུབ་ཆུས་ཀྱི་འཐུས་ཚབ་བྱམས་པ་ཆོས་གྲགས་ལ་གློག་གི་ཚ་ལའི་ནང་ནས་ཨང་དང་པོ་ཐོབ་པ་དང་།རི་བོ་ཆེ་རྫོང་གི་འཆི་མེད་བློ་གྲོས་ལ་ཨང་གཉིས་པ་དང་དཔལ་འབར་རྫོང་གི་དོན་འགྲུབ་རྡོ་རྗེ་ལ་ཨང་གསུམ་པ་ཐོབ་ཡོད་པ་རེད། ལྕགས་རྩིབས་ཀྱི་འགྲན་སྡུར་བྱ་ཡུལ་དུའང་འཁྲུག་ཆ་ཆེན་པོ་ཡོད་དེ།འགྲན་ཞུགས་པ་ཐམས་ཅད་ལས་ལ་བྱང་ཆ་ཆེ་ཞིང་ལྕགས་རྩིབས་དག་ཀྱང་སྐུད་པ་སྒྲིལ་སྒྲིལ་བྱས་ནས་བཀུག་སྟེ་སྡོམ་དཀྲིས་སླ་གསུམ་ལ་འཕྱུགས་པ་མེད་ཅིང་།འགྲན་ཞུགས་པ་ཐམས་ཅད་ལྕགས་རྩིབས་ཀྱི་ལས་ལ་བྱང་གོམས་དང་ལྡན་པ་ཕར་བལྟས་ཚུར་གསལ་ཡིན་པ་རེད། ཁ་རུབ་ཆུས་ཀྱི་འཐུས་ཚབ་བྱམས་པ་མཁས་གྲུབ་ནི་ལག་རྩལ་ཕུལ་དུ་བྱུང་བས་ལྕགས་རྩིབས་འགྲན་སྡུར་ཁྲོད་ནས་ཨང་དང་པོ་ཐོབ་པ་དང་།དཔལ་འབར་རྫོང་གི་འཐུས་ཚབ་བཀྲ་ཤིས་རྡོ་རྗེ་ལ་ཨང་གཉིས་པ་དང་གོ་འཇོ་རྫོང་གི་འཐུས་ཚབ་བསོད་ནམས་དབང་ཆེན་ལ་ཨང་གསུམ་པ་ཐོབ་པ་རེད།
ད་རེས་ཀྱི་འགྲན་སྡུར་བརྒྱུད་ནས་ཆབ་མདོའི་བཟོ་སྐྲུན་ལས་རིགས་ཀྱི་ལག་རྩལ་ཅན་གྱི་མི་སྣ་གསོ་སྐྱོང་ཇི་ལྟར་བྱུང་མིན་རྟོགས་ཐུབ་པས་མ་ཚད་ལག་རྩལ་ཅན་རྣམས་ལ་འཚར་ལོངས་ཡར་སྐྱེད་ཀྱི་ལམ་ཁ་ཞིག་ཀྱང་གཏོད་ཡོད། རང་སའི་ལས་གཞི་འཛུགས་སྐྲུན་ལ་མཁོ་བའི་ཤེས་འཇོན་ནུས་གསུམ་གྱི་མི་སྣ་གང་མང་གྲབས་གསོག་ཐུབ་ཡོད་པ་རེད།

