国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年08月11日

“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་སྐབས་གཉིས་པའི་དེང་རབས་ལག་རྩལ་འགྲན་སྡུར་གྱི་གྲོང་ཁྱེར་རིམ་པའི་མཐའ་བསྡུར་འགོ་ཚུགས་པ།

བལྟས་ན་མིག་ལ་མཛེས་ཤིང་སྣོམ་ན་སྣ་ལ་ཞིམ་པའི་བོད་ཟས་བཟོ་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ8ཚེས8ཉིན། “དམར་མདངས་ཆབ་མདོ།དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་སྐབས་གཉིས་པའི་དེང་རབས་ལག་རྩལ་འགྲན་སྡུར་གྱི་གྲོང་ཁྱེར་རིམ་པའི་མཐའ་བསྡུར་དེ་ཇ་རྟའི་ཐང་ཆེན་དུ་འགོ་ཚུགས་པ་དང་།རྫོང་ཆུས11ནས་ཡོང་བའི་མ་བྱན་ཚོ་མཉམ་གཅིག་ཏུ་འཛོམས་ནས་གཡོས་སྦྱོར་གྱི་ལག་རྩལ་ཚད་པ་རེད།

འགོ་ཚུགས་མཛད་སྒོའི་ཐོག་གྲོང་ཁྱེར་ཚན་པ་ཆེན་མོ་བཞིའི་འགོ་ཁྲིད་དང་གྲོང་ཁྱེར་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ། ཆེད་ལས་ཀྱི་དཔྱད་འདེམས་པ་རྣམས་ཕེབས་ཡོད་པ་དང་། འགྲན་ཞུགས་པ་དང་དཔྱད་འདེམས་པའི་འཐུས་ཚབ་ཀྱིས་དམ་ཚིག་བསྒྲགས་པ་རེད།

མ་བྱན་གྱི་ལག་རྩལ་འགྲན་ཁུལ་དུ། མེ་ཐབ་སྟར་ཆགས་སུ་བསྒྲིགས་ཤིང་འགྲན་ཞུགས་པ་རྣམས་མ་བྱན་གྱི་ལས་གོས་གྱོན་ནས་སྤོབས་པའི་ཉམས་དང་ལྡན་པ་ཞིག་རེད།འགྲན་སྡུར་ཐོག་འགྲན་ཞུགས་པ་མི་རེས་ཟས་སྣ་གཉིས་རེ་བཟོ་དགོས་པ་དང་། སྣ་གཅིག་ནི་ལག་རྩལ་གྱི་རྨང་གཞི་ལྟ་བྱེད་དུ་གཏན་འཁེལ་བྱས་ཟིན་པའི་ཚལ“ཞོག་ཁོག་ཤ་བརྔོས”ཤིག་ངེས་པར་བཟོ་དགོས་ལ་སྣ་གཅིག་ནི་རྒྱ་ཟས་སམ་ནུབ་ཟས། ཡང་ན་བོད་ཟས་སོགས་རང་གི་འདོད་པ་ལྟར་བཟོ་ཆོག་པ་རེད།

འགོ་ཚུགས་བརྡ་བཏང་མ་ཐག་ཡུལ་དངོས་སུ་ཚལ་གཏུབ་པའི་སྒྲ་དང་བརྔོས་པའི་སྒྲ་ཟ་ཟི་གྲག་ཅིང་། ཉམས་མྱོང་ཅན་གྱི་མ་བྱན་ཆེན་མོ་དང་ཞིམ་ཟས་ཀྱི་ཆེད་མཁས་པ་རྣམས་བར་མེད་དུ་སྐོར་གཡེང་བྱས་ཏེ། ཚལ་གཏུབ་ལུགས་དང་མེ་ཤུགས་ཆེ་ཆུང་། གསར་གཏོད་ཡོད་མེད། བྲོ་བ་ཞིམ་བཙོག རང་ཡུལ་གྱི་ཁྱད་ཆོས་ཡོད་མེད་སོགས་ཕྱོགས་མང་པོར་གཞིགས་ནས་སྐར་མ་བརྒྱབ་པ་རེད།

བྲོ་བ་ལྟ་སའི་ཅོག་ཙེ་སྟེང་ཚལ་སྣ་ཉི་ཤུ་ལྷག་བསྒྲིགས་འདུག་པའི་ནང་ནས་དཔའ་ཤོད་རྫོང་གི་ཀུན་བཟང་དཔལ་འབྱོར་གྱིས་བཟོས་པའི་ཚེ་རིང་རྣམ་དྲུག་ཅེས་པའི་བོད་ཟས་ལ་ཨང་དང་པོ་ཐོབ་པ་དང་། མཛོ་སྒང་རྫོང་གི་འཆི་མེད་དོན་གྲུབ་ལ་ཨང་གཉིས་པ་དང་རི་བོ་ཆེ་རྫོང་གི་ཕུན་ཚོགས་ཚེ་རྒྱལ་ལ་ཨང་གསུམ་པ་ཐོབ་པ་རེད།