国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年08月07日

ཆབ་མདོ་གྲོང་ཁྱེར་གྱི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོ་སྐབས་གཉིས་པའི་གླུ་གར་འགྲན་བསྡུར(རྐྱང་གཞས)གྱི་གྲོང་ཁྱེར་རིམ་པའི་མཐའ་བསྡུར་གཉེར་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ་8པའི་ཚེས་3ཉིན་གྱི་སྔ་དྲོར། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོ་སྐབས་གཉིས་པའི་གླུ་གར་འགྲན་བསྡུར་གྱི་གྲོང་ཁྱེར་རིམ་པའི་མཐའ་བསྡུར་དེ་ཇ་རྟའི་ཐང་ཆེན་དུ་འགོ་ཚུགས་པ་རེད། རྫོང་ཆུས་ཁག་ནས་ཡོང་བའི་འགྲན་ཞུགས་པ་10ཡིས་སྙན་འཇེབས་ཀྱི་གླུ་དབྱངས་ཐོག་ནས་ཆབ་མདོའི་མི་རིགས་ཁག་གི་བུ་ཕྲུག་ཚོའི་དཔའ་ངར་ཆེར་སྐྱེད་བྱེད་པའི་བསམ་པའི་ཉམས་འགྱུར་མངོན་པར་བྱས་པ་རེད།

འགྲན་བསྡུར་བྱ་ཡུལ་དུ་རྣམ་པ་ཧ་ཅང་འཁྲུག་པོ་ཡོད་པ་དང་བདམས་ཐོན་པ་ཚོ་རིམ་པ་བཞིན་འགྲན་རར་ཞུགས་པ་རེད།《ཕ་ཡུལ་གྱི་བརྩེ་སེམས》དང་།《ཆབ་མདོའི་གཟི་བརྗིད》《གསར་བརྗེའི་ཕ་ས》《གཙང་གསུམ་རྒྱུག་ཁུལ》སོགས་གླུ་གཞས་དག་རེས་མོས་ངང་བླངས་པ་དང་།བདམས་ཐོན་པ་ཚོས་མི་རིགས་ཀྱི་སྐད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཐོག་ནས་གླུ་དབྱངས་སྙན་མོ་བླངས་ཏེ།ཕ་ཡུལ་ལ་དགའ་ཞེན་བྱེད་པ་དང་མཛེས་སྡུག་ལྡན་པའི་འཚོ་བར་བསྔགས་བརྗོད་བྱས་པ་རེད།

ད་ཐེངས་ཀྱི་འགྲན་བསྡུར་ནང་གཅིག་གྱུར་གྱི་སྐར་གྲངས་དཔྱད་བསྡུར་ལམ་སྲོལ་བཟོས་ནས། བརྗོད་དོན་གཙོ་བོ་དང་།སྐད་གདངས་ཆེ་ཆུང་། སྒྲ་དབྱངས་ཁྱད་ཆོས། བརྩེ་དུང་མཚོན་སྟངས།གར་སྟེགས་གུས་ལུགས། རྣམ་པ་སྲོལ་མཐུན་བཅས་ཚད་གཞི་ཆེ་གྲས་དྲུག་ལ་དམིགས་ཏེ།ཕྱོགས་བསྡུས་སྐར་མ་བརྒྱབ་པ་དང་ཆབས་ཅིག་གསར་རྩོམ་གླུ་དབྱངས་ལ་སྐར་མ་བསྣན་ནས་བདམས་ཐོན་པའི་ཆེད་ལས་ཀྱི་ནུས་པར་ཚོད་བགམ་བྱས་པ་མ་ཟད།ས་གནས་དེ་གའི་གསར་རྩོམ་བརྩམས་ཆོས་ཆུ་གཏེར་རྒྱས་པ་ལྟར་མང་པོ་བརྩམ་རྒྱུར་སྐུལ་མ་གཏོང་ཞིང་།འགྲན་བསྡུར་དྲང་གཞག་དང་སྤུས་ཚད་ཡག་པ་དང་གོ་རིམ་ལྡན་པའི་ངང་སྤེལ་རྒྱུའི་འགན་ལེན་ཡང་བྱས་པ་རེད།

ངོ་མཚར་ཆེ་བའི་འགྲན་བསྡུར་མཇུག་བསྒྲིལ་བ་དང་།མཐར་བྲག་གཡབ་རྫོང་འཁན་ཐང་ཤང་ནས་ཡིན་པའི་བསྟན་འཛིན་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་།ཁ་རུབ་ཆུས་སྟག་རྩ་ཐང་ཁྲོམ་གཞུང་གི་ཤེས་རབ་འབྱུང་གནས་ལ་བྱ་དགའ་ཨང་གཉིས་པ་ཐོབ་པ། དཔའ་ཤོད་རྫོང་དཀྱིལ་དག་ཤང་གི་ནོར་བུ་རྒྱལ་མཚན་ལ་བྱ་དགའ་ཨང་གསུམ་པ་ཐོབ་ཡོད་པ་རེད།