འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་8པའི་ཚེས་4ཉིན་གྱི་ཕྱི་དྲོ། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་སྐབས་གཉིས་པའི་གླུ་གར་འགྲན་བསྡུར(མཉམ་གཞས)གྱི་གྲོང་ཁྱེར་རིམ་པའི་མཐའ་བསྡུར་འགོ་ཚུགས་པ་རེད། གྲོང་ཁྱེར་ཡོངས་ནས་ཡོང་བའི་འགྲན་ཞུགས་རུ་ཁག་11གིས་གར་སྟེགས་ཐོག་ཏུ་གསར་བརྗེའི་གླུ་གཞས་དང་གསར་རྩོམ་གླུ་དབྱངས་བླངས་ནས་ཏང་དང་མེས་རྒྱལ་ལ་བཅངས་པའི་བརྩེ་བ་ཟབ་མོ་དང་། ཆབ་མདོའི་མི་རིགས་ཁག་གི་བུ་ཕྲུག་ཚོས་བློ་སེམས་གཅིག་མཐུན་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པའི་དུས་རབས་ཀྱི་གཞི་རྩའི་རྣམ་པ་མངོན་པར་བྱས་ཡོད།
འགྲན་བསྡུར་བྱ་ཡུལ་དུ་དགའ་བསུ་ཞུ་བའི་ཐལ་མོ་རྡེབ་སྒྲས་ཁྱབ་ཅིང་། གར་སྟེགས་ཐོག་དར་སྲོལ་ཆེ་བའི་སྐྱེས་པ་དང་བུད་མེད་ཀྱི་མཉམ་གཞས་དང་། སྙན་འཇེབས་ལྡན་པའི་སྒྲ་གདངས་ཉིས་སྡེབ་ཀྱི་གླུ་གཞས། སྙན་གྲགས་ཆེ་བའི་གསར་བརྗེའི་གླུ་གཞས། ས་གནས་དེ་གའི་གསར་རྩོམ་གླུ་གཞས་བཅས་གཅིག་རྗེས་གཉིས་མཐུད་ངང་བླངས་ཡོད། གླུ་གཞས་དེ་དག་ལས་ཏང་དང་མེས་རྒྱལ་ལ་ལྷག་བསམ་ཟོལ་མེད་ཀྱིས་དགའ་ཞེན་བྱེད་པ་དང་། ཆབ་མདོའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཔའ་ངར་ཆེན་པོས་ཡར་རྒྱས་བརྩོན་ལེན་བྱེད་པའི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་ཡོད་པ་རེད།
ད་ཐེངས་ཀྱི་འགྲན་བསྡུར་གྱི་བརྒྱུད་རིམ་ཧྲིལ་པོ་མང་ཚོགས་ལ་ཉེ་བཅར་དང་མང་ཚོགས་ཁྲོད་དུ་གཞི་ཚུགས་པ་བཅས་ཡོད་པས། འདི་ནི་རིག་རྩལ་འགྲན་བསྡུར་ཞིག་ཡིན་པ་མ་ཟད། གསར་བརྗེའི་རིག་གནས་ཀྱི་སྒྲོག་འགྲེལ་ཞིག་ཀྱང་ཡིན། འཁྲུག་ཆ་དོད་པའི་འགྲན་བསྡུར་གྱི་རྣམ་པས་ས་གནས་དེ་གའི་གྲོང་མི་ཚོའི་ཡིད་དབང་རབ་ཏུ་འཕྲོག་ཅིང་། ཐག་རིང་ནས་ཡོང་བའི་ཡུལ་སྐོར་བ་ཚོར་ཡང་ཆབ་མདོའི་རིག་གནས་ཀྱི་ཁྱད་ཆོས་ཟབ་མོ་ཉམས་སུ་མྱོང་བའི་གོ་སྐབས་བསྐྲུན་ཡོད་པ་རེད།
ད་ཐེངས་ཀྱི་མཉམ་གཞས་འགྲན་བསྡུར་ཐུགས་གྲ་ལེགས་འགྲིག་ངང་མཇུག་སྒྲིལ་བ་དང་བསྟུན། དུས་ཡུན་ཉིན་4རིང་གི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོ་སྐབས་གཉིས་པའི་སྲོལ་རྒྱུན་ཐོན་སྐྱེད་དང་འཚོ་བའི་རྩལ་ནུས་དང་གླུ་གར་འགྲན་བསྡུར་གྱི་གྲོང་ཁྱེར་རིམ་པའི་མཐའ་བསྡུར་ཐུགས་གྲ་ལེགས་འགྲིག་ངང་མཇུག་སྒྲིལ་བ་རེད། གོམ་སྟབས་རྗེས་མར། ཆབ་མདོ་གྲོང་ཁྱེར་གྱིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོ་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། གསར་བརྗེའི་རིག་གནས་ལ་བརྟེན་ནས་མི་སེམས་གཅིག་ཏུ་སྒྲིལ་བ་དང་། སྲོལ་རྒྱུན་ལག་རྩལ་དག་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ། སྙན་འཇེབས་ལྡན་པའི་གླུ་དབྱངས་ཡུན་རིང་པོར་ལེན་ཐུབ་པ་བཅས་བྱས་ཏེ། རིག་གནས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་དུས་རབས་གསར་པའི་ཆབ་མདོར་འབད་འབུངས་ཀྱི་ལེའུ་གསར་པ་མུ་མཐུད་བརྩམ་རྒྱུ་ཡིན་པ་རེད།

