国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年08月07日

“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་སྐབས་གཉིས་པའི་བོད་ཟས་བཟོ་རྩལ་འགྲན་སྡུར་གྱི་གྲོང་ཁྱེར་རིམ་པའི་མཐའ་སྡུར་འགོ་ཚུགས་པ།

འདི་ནི་བོད་ཟས་བཟོ་རྩལ་འགྲན་སྡུར་གྱི་ཡུལ་དངོས་ཡིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ8པའི་ཚེས4ཉིན་གྱི་སྔ་དྲོར། “དམར་མདངས་ཆབ་མདོ།དར་རྒྱས་ཡར་བརྩོན།”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་སྐབས་གཉིས་པའི་བོད་ཟས་བཟོ་རྩལ་འགྲན་སྡུར་གྱི་གྲོང་ཁྱེར་རིམ་པའི་མཐའ་སྡུར་འགོ་ཚུགས་ཡོད། སྐབས་འདིའི་འགྲན་སྡུར་བྱེད་སྒོ་ལས“ཟས་མཆོག་གི་བྲོ་ཞིམ། བཟོ་བོའི་རྩལ་ལས་ཐོན”ཞེས་པ་གཙོ་དོན་བྱས་ནས། སྲོལ་རྒྱུན་བཟའ་བཅའ་བཟོ་རྩལ་གྱི་བརྒྱུད་རིམ་ཆ་ཚང་ཕྱོགས་བསྡུས་འགྲན་སྡུར་དང་། བཟའ་བཅའི་བྲོ་བ་བཟོ་རྩལ་སླར་གསོ་བྱས་ཏེ། ལོ་ངོ་སྟོང་གི་དམངས་ཁྲོད་ཀྱི་སྲོལ་རྒྱུན་བཟོ་རྩལ་འགྲན་རའི་ཐོག་སླར་ཡང་མངོན་པར་བྱས་ཡོད་པ་རེད།

འགྲན་སྡུར་བྱ་ཡུལ་དུ།གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)ཁག་ནས་ཡོང་བའི་འགྲན་ཞུགས་བདམས་ཐོན་པས་གཙང་ཞིང་གྲ་འགྲིག་པའི་མི་རིགས་ཀྱི་གྱོན་ཆས་གྱོན་པ་དང་། སྤྲོ་སྣང་རབ་ཏུ་རྒྱས་ཤིང་དང་བློ་སྟོབས་བརྟན་པོའི་ངང་བཀོལ་སྤྱོད་བྱས་པ་རེད།ད་ཐེངས་ཀྱི་གྲོང་ཁྱེར་རིམ་པའི་མཐའ་སྡུར་གྱི་འགྲན་སྡུར་ལམ་ལུགས་ནན་པོ་དང་།ལས་རིམ་ཆ་ཚང་བ།ཚད་གཞི་གཅིག་གྱུར་བཅས་ཡོད་ལ།འགྲན་སྡུར་བྱེད་རིང་ཕྱེད་བཟོས་ཐོན་རྫས་དང་མྱུར་བཟོས་ལག་ཤེས་བཀོལ་སྤྱོད་བྱེད་རྒྱུ་བཀག་འགོག་བྱས་པ་མ་ཟད། བཟའ་བཅའི་རྒྱུ་ཆ་ཚང་མ་གཙོ་གཉེར་ཕྱོགས་ཀྱིས་གཅིག་གྱུར་ཐོག་འགྲན་སྡུར་བྱ་ཡུལ་དུ་མཁོ་འདོན་བྱས་ཡོད། འགྲན་ཞུགས་བདམས་ཐོན་པ་ཚོས་གཏན་འཁེལ་བྱས་པའི་དུས་ཡུན་སྐར་མ180ཡི་ནང་སྲོལ་རྒྱུན་གྱི་ལས་རིམ་བཞི་རྒྱུན་མཐུན་ངང་ལེགས་འགྲུབ་བྱས་པ་སྟེ། ཡོས་བརྔོས་ནས་རྩམ་པ་བཟོ་བ་དང་།འོ་མ་དཀྲོག་ནས་མར་ལེན་པ།རང་ཉིད་ཀྱིས་བཟོས་པའི་མར་གྱིས་དཀྲུག་ཇ་བཟོ་བ།རྩམ་པ་དང་མར་སྡེབ་ནས་ཨ་ལོག་བརྫི་བ་བཅས་ཡིན། ལས་རིམ་བཞི་གཅིག་རྗེས་གཉིས་མཐུད་ཡིན་པ་ལས་རིམ་སྐྱུར་མི་ཆོག་ལ་ལས་རིམ་ལྡོག་མི་ཆོག་པས་འགྲན་ཞུགས་བདམས་ཐོན་པའི་གདོད་མའི་རྣམ་པ་དང་། བརྒྱུད་རིམ་ཧྲིལ་པོ། ལག་ཤེས་བཟོ་རྩལ་རྐྱང་པ་བཅས་ཀྱི་རྨང་གཞི་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཡོད་པ་རེད།

འགྲན་སྡུར་བྱེད་རིང་། བདམས་ཐོན་པ་ཚོས་མེས་པོའི་སྲོལ་རྒྱུན་གྱི་ལག་རྩལ་བརྩི་སྲུང་བྱས་ནས། ཡོས་བརྔོ་བ་དང་། རྩམ་པ་འཐག་པ། ཞོ་བསྙལ་བ། འོ་མ་དཀྲུག་པ། མར་རྐྱང་ལེན་པ་བཅས་བྱས་པ་དང་། དེ་རྗེས་སྲོལ་རྒྱུན་གྱི་ལག་རྩལ་ལ་བརྟེན་ནས་ཇ་བསྐོལ་བ་དང་། དཀྲུག་ཇ་བཟོ་བ། མཇུག་མཐར་རྩམ་པའི་ཨ་ལོག་བརྫི་བ་བཅས་བྱས་པ་རེད། བརྒྱུད་རིམ་ཧྲིལ་པོའི་ལག་རྩལ་འཐུས་ཚང་དང་། ལག་རྩལ་དག་མ་ཡིན་པས་ཆབ་མདོའི་ཞིང་འབྲོག་མང་ཚོགས་ཀྱི་སྲོལ་རྒྱུན་ཐོན་སྐྱེད་དང་འཚོ་བའི་རྣམ་པ་གང་ལེགས་མངོན་པ་དང་། བོད་ཟས་རིགས་གནས་ཀྱི་གདོད་མའི་ཉམས་འགྱུར་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད་པ་རེད།

དུས་ཡུན་ཆུ་ཚོད་གསུམ་རིང་ཛ་དྲག་གི་འགྲན་བསྡུར་བྱས་པ་བརྒྱུད། ཁ་རུབ་ཆུས་རོབ་པ་ཤང་གི་བསྟན་པ་ཆོས་གྲགས་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། ལྷོ་རོང་རྫོང་རྫི་ཐོ་གྲོང་རྡལ་གྱི་བསྟན་འཛིན་འཕྲིན་ལས་དང་སྟེང་ཆེན་རྫོང་སྟེང་ཆེན་གྲོང་རྡལ་གྱི་ཚེ་དབང་བཀྲ་ཤིས་གཉིས་ལ་ད་ཐེངས་ཀྱི་འགྲན་སྡུར་ནང་བྱ་དགའ་ཨང་གཉིས་པ་དང་།བྱ་དགའ་ཨང་གསུམ་པ་ཐོབ་པ་རེད།