འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་8པའི་ཚེས་2ཉིན་གྱི་ཕྱི་དྲོ། ཆབ་མདོ་གྲོང་ཁྱེར་གྱི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོ་སྐབས་གཉིས་པའི་ཐང་ག་དང་སྲོལ་རྒྱུན་རོལ་ཆའི་འགྲན་བསྡུར་གྱི་གྲོང་ཁྱེར་རིམ་པའི་མཐའ་བསྡུར་ཚ་འུར་ངང་འགོ་ཚུགས་པ་དང་། རྫོང་དང་ཆུས་11ནས་ཡོང་བའི་དམངས་ཁྲོད་ཀྱི་ལྷ་རིས་པ་དང་ལག་ཤེས་བཟོ་རྩལ་པས་མཉམ་དུ་རྩལ་འགྲན་བྱས་ནས། བོད་ཤར་རྒྱུད་ཀྱི་ས་གཞི་ཆེ་མོར་ངོ་མཚར་ཆེ་བའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད།
འགྲན་བསྡུར་བྱ་ཡུལ་དུ་རྣམ་པ་འཁྲུག་ཆ་དོད་ལ་བཀྲག་མདངས་འཚེར་ས་མང་པོ་ཡོད་པ་རེད། ཐང་གའི་རྣམ་གྲངས་ཐད་བདམས་ཐོན་པ་ཚང་མས་ས་གནས་ས་ཐོག་ཏུ་བདམས་པའི་བརྗོད་བྱ་གཅིག་ལ་དམིགས་ནས་ཐང་ག་གསར་རྩོམ་བྱས་ཡོད། ལྷ་རིས་པ་ཚོས་རྡོ་ཚོན་ཞིབ་མོར་འདུས་པ་དང་། གཟབ་ནན་ངང་ཐིག་འཐེན་པ། རི་མོ་འབྲི་བ། ཚོན་རྒྱག་པ་བཅས་བྱས་པ་རེད། ཚོན་མདངས་རྣམ་པར་བཀྲ་བ་དང་རི་མོའི་བཀོད་པ་ཚགས་དམ་པའི་བརྩམས་ཆོས་རིམ་གྱིས་མངོན་པ་དང་། འབྲི་ལུགས་མི་འདྲ་བའི་ཐང་གའི་སྒྱུ་རྩལ་གྱིས་བརྗོད་གཞི་གཅིག་གི་འོག་གཏིང་ཟབ་པའི་རྨང་གཞི་དང་དུས་རབས་ཀྱི་ནང་དོན་གསར་པ་མངོན་ཡོད།
འགྲན་བསྡུར་དྲག་པོ་དང་ཆེད་ལས་མཁས་པས་དཔྱད་ཞིབ་བྱས་པ་བརྒྱུད། མཐར་རི་བོ་ཆེ་རྫོང་ས་མདོ་གྲོང་རྡལ་ནས་ཡིན་པའི་གྲགས་པ་བསྟན་འཛིན་ལ་ཐང་གའི་རྣམ་གྲངས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་ཡོད།
སྲོལ་རྒྱུན་རོལ་ཆའི་འགྲན་བསྡུར་བྱ་ཡུལ་དུ་བདམས་ཐོན་པ་རྣམས་ཀྱིས་ས་གནས་ས་ཐོག་ཏུ་པི་ཝང་རྒྱུད་གཉིས་མའི་ངོས་བརྡར་བ་དང་། རི་མོ་རྐོ་བ། སྒྲིག་སྦྱོར། སྐད་གདངས་སྙོམ་སྒྲིག་བཅས་ལེགས་པར་སྒྲུབ་དགོས་པ་དང་། བཟོ་རྩལ་ཐད་ཞིབ་དཔྱད་ཞིབ་ཚགས་བྱས་རྗེས། བདམས་ཐོན་པ་ཚོས་གཅིག་རྗེས་གཉིས་མཐུད་ངང་པི་ཝང་གི་སྐད་ལ་ཚོད་ལྟ་བྱས་པ་དང་། སྙན་འཇེབས་ལྡན་པའི་འགྱུར་ཁུག་ལས། ཆབ་མདོའི་སྲོལ་རྒྱུན་རོལ་ཆའི་རིག་གནས་ཕུན་སུམ་ཚོགས་པོ་མངོན་པས་ས་གནས་ས་ཐོག་གི་ལྟད་མོ་བའི་དགའ་བསུ་ཚད་མེད་ཐོབ་ཡོད།
དཔའ་ཤོད་རྫོང་སྐྱ་རི་ཤང་གི་བསོད་ནམས་བཀྲ་ཤིས་ཀྱིས་སྤུས་ལེགས་ཀྱི་བཟོ་རྩལ་ལ་བརྟེན་ནས་པི་ཝང་རྒྱུད་གཉིས་མའི་གཟི་བརྗིད་མཚན་སྙན་བླངས་ཡོད་པ་རེད།

