国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年07月31日

མཐོ་སྒང་གི་རི་ཆུ་བཟང་པོ་དེ་ཉིད་མང་ཚོགས་འབབ་འཕར་གྱི་རྟེན་གཞི་ངོ་མར་གྱུར་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།“དུས་འདིར་མཚེའུ་འགྲམ་གྱི་རླུང་བུ་བསིལ་ཞིང་ཡུལ་སྐོར་བ་མང་པས་ཚོང་རྒྱུག་པོ་འདུག”དཔལ་འབར་རྫོང་མདོག་གསུམ་མཚེའུ་འགྲམ་དུ་བོད་ལུགས་ཀྱི་གུར་ཐང་མར་བརྡལ་བ་ལྟར་ཕུབ་ཅིང་། ཚེ་དབང་དཔལ་སྒྲོན་གྱིས་ཟ་མ་ཟ་རུ་ཡོང་མཁན་གྱི་མགྲོན་པོ་ལག་བརྡ་བྱེད་བཞིན་འདུག མདོག་གསུམ་མཚེའུ་ལྗོངས་ཁུལ་གདང་སྒྱུར་རིམ་སྤར་ལ་བརྟེན་ནས་ཁོ་མོས་ད་ལོར་གསར་དུ་ཕྱེས་པའི་ཕྱོགས་བསྡུས་གླིང་ག་ཡིས་དུས་ཐུང་ཟླ་བ་ཁ་ཤས་ནང་ཡོང་འབབ་སྒོར་ཁྲི20ལྷག་བླངས་ཏེ།སྒོ་མདུན་གྱི་རི་ཆུ་མཛེས་ལྗོངས་དེ་ཉིད་ཏན་ཏན་ཏིག་ཏིག་གི་ཁྱིམ་མིའི་འབབ་འཕར་གྱི་གཏིང་ཤུགས་སུ་ཆགས་ཡོད།

ཚེ་དབང་དཔལ་སྒྲོན་ནི་དཔལ་འབར་རྫོང་དཔལ་འབར་གྲོང་རྡལ་ཕུ་ཡུལ་གྲོང་ཚོ་དང་པོ་ནས་འཚར་ལོངས་བྱུང་བའི་མི་ཞིག་ཡིན་ཞིང་། ད་ལོའི་ཟླ3པར་ལྗོངས་ཁུལ་གྱི་སྒྲིག་ཆས་རིམ་གྱིས་འཐུས་ཚང་དུ་བཏང་བ་དང་ཡུལ་སྐོར་བ་ལོ་རེར་ཇེ་མང་དུ་སོང་བའི་གོ་སྐབས་དང་བསྟུན་ནས། ཁོ་མོས་སྤོབས་པ་ཆེན་པོས་ཕྱོགས་བསྡུས་གླིང་ག་འགན་གཙང་ལེན་བྱས་པ་རེད། སྤྱིར་བཏང་གི་ཟས་ཁང་ཆུང་ངུ་ཞིག་དང་མི་འདྲ་བར་ཁོ་མོའི་གླིང་ག་ཡིས་གཅིག་འཐུས་རྣམ་པའི་བཟའ་བཏུང་དང་། སྟབས་བདེའི་སྒོ་རྩིས་ཚོང་ཁང་། བོད་ལུགས་ཀྱི་མགྲོན་ཁང་བཅས་འཐུས་ཚང་པོ་ཡོད།

ཡུན་ནན་ནས་ཡོང་བའི་ཡུལ་སྐོར་བ་པད་མ་རྐང་འཁོར་བཞོན་ནས་ཆེད་མངགས་ཀྱིས་མདོག་གསུམ་མཚེའུ་འབྱོར་བ་རེད། “སྔོན་མར་དྲ་ཐོག་ནས་མཚེའུ་འདི་མཐོང་མྱོང་། མིག་གིས་དངོས་སུ་མཐོང་དུས་རང་སེམས་ལ་སེམས་ལ་དགའ་སྤྲོ་ཚད་མེད་སྐྱེས་བྱུང་། ”ཞེས་པད་མ་ངལ་གསོ་སྐབས་གསར་འགོད་པར་དེ་ལྟར་བཤད།

རྡོ་རྗེའི“འཁྱགས་རོམ་མཚེའུ་ཁྱིམ་ཚང་མགྲོན་ཁང”ནི་གྲོང་ཚོ་ཨུ་ཡོན་ལྷན་ཁང་དང་ཐག་མི་རིང་པའི་སར་ན་ཡོད། ལོ35སླེབས་པའི་རྡོ་རྗེའི་ཁྱིམ་དུ་མི་དྲུག་ཡོད་ཅིང་། དེ་སྔོན་ཞིང་ཕྱུགས་ཙམ་ལ་བརྟེན་ནས་རང་ཁ་རང་གསོ་ཙམ་ལས་དངུལ་གསོག་རྒྱུ་ཅི་ཡང་མ་བྱུང་། 2018ལོར་མདོག་གསུམ་མཚེའུ་ཡི་སྐད་གྲགས་ག་ལེར་ཆེ་རུ་ཕྱིན་པ་དང་རྒྱུན་ཆད་མེད་པའི་ཡུལ་སྐོར་བས་གནས་མལ་བཙལ་དཀའ་བ་སོགས་ཀྱིས་ཁོང་གིས་གོ་སྐབས་དེ་དང་བསྟུན་ནས་རང་ཁྱིམ་གྱི་སྡོད་ཁང་དེ་ཉིད་དམངས་གཉེར་མགྲོན་ཁང་དུ་བསྒྱུར་ཏེ་གྲོང་ཚོ་ནང་གི་ཡུལ་སྐོར་ལ་བརྟེན་ནས་ཟ་མ་ཟ་མཁན་ཐོག་མར་གྱུར་བ་རེད།

ད་ཆ་མགྲོན་ཁང་འདི་ལ་ཁང་མིག6ཡོད་ལ་ཉལ་ཁྲི11ཡོད་པ་དང་། ཁང་མིག་རེའི་རིན་གོང160ཡིན་ཞིང་ཉིན་རེའི་ཟས་ཐུན་གསུམ་པོ་བོད་ཟས་དག་མ་མཁོ་འདོན་བྱེད་ཆོག་པ་རེད། ཚོང་ལས་ཀྱི་སྐོར་གླེང་དུས་རྡོ་རྗེ་ཚོར་སྣང་ཟབ་མོ་སྐྱེས་བཞིན་དུ“ན་ནིང་ལོ་ཧྲིལ་བོར་ཕལ་ཆེར་ཡོང་འབབ་སྒོར་ཁྲི6ལྷག་ཟིན་ཡོད”ཅེས་བཤད།

དཔལ་འབར་རྫོང་དཔལ་འབར་གྲོང་རྡལ་ཕུ་ཡུལ་གྲོང་ཚོ་དང་པོར་ཁྱོན་དུད་ཁྱིམ148དང་མི་གྲངས714ཡོད་པ་དང་། ཚེ་དབང་དཔལ་སྒྲོན་དང་རྡོ་རྗེ་ལྟ་བུ་ཡུལ་སྐོར་ཡོང་འབབ་ལ་བརྟེན་ནས་པའི་ཞིང་དུད་ཀྱང་མི་ཉུང་བ་ཞིག་ཡོད།