འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས29ཉིན་གྱི་སྔ་དྲོ།གྲོང་ཁྱེར་ཡོངས་ཀྱི་སྲིད་གྲོས་ཀྱི་ལོ་རྒྱུས་རིག་གནས་ཡིག་ཆའི་ལས་དོན་སྐོར་གྱི་ཆེད་དོན་ཚོགས་འདུ་འཚོགས་པ་དང་། གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའི་ཁོངས་མི་ཀྲུའུ་ཞི་གཞོན་པ་ཚེ་རིང་ཕེབས་ཏེ་གསུང་བཤད་ཀྱང་གནང་ཡོད།
ཚེ་རིང་གིས་འབྲེལ་ཡོད་སྡེ་ཚན་ཁག་གིས་ལོ་རྒྱུས་ཡིག་ཆ་འཚོལ་བསྡུའི་ཐབས་ལམ་རྒྱ་སྐྱེད་དང་། སྔོན་ལ་ལོ་རྒྱུས་དངོས་སུ་བརྒྱུད་མྱོང་བའི་ལོ་རྒན་སོགས་ཀྱི་ས་ནས་ངག་ཐོག་གི་ལོ་རྒྱུས་འཚོལ་བསྡུ་དང་།དུས་ཀུན་ཏུ་དམངས་ཁྲོད་ནས་ཡིག་ཆ་འཚོལ་བསྡུ་བཅས་བྱས་ཏེ།རིག་གནས་ལོ་རྒྱུས་མཉམ་སྤྱོད་ཀྱི་རྐྱེན་སྲོལ་འཛུགས་དགོས་པ་དང་། རིམ་པ་དང་རིགས་དབྱེ་བའི་དོ་དམ་བྱ་ཐབས་ཚད་ལྡན་དུ་བཏང་ནས། ལོ་རྒྱུས་ཀྱི་ཡིག་ཆ་དཀོན་རིགས་རྣམས་ཉར་ཚགས་གང་ལེགས་བྱེད་པའི་ལམ་ལུགས་འཐུས་ཚང་གཏོང་དགོས།ཆབ་མདོའི་དངོས་ཡོད་དང་གསར་བརྗེའི་ལོ་རྒྱུས། མི་རིགས་ཀྱི་ཁྱད་ཆོས་བཅས་ལ་གཞིགས་ནས།བརྗོད་གཞི་ཡང་དག་གདམ་རྒྱུ་དང་། རྩོམ་སྒྲིག་གི་འགན་འཁྲི་ནན་དུ་དཀྲིས་ནས་ནང་དོན་གྱི་སྤུས་ཀ་ལེགས་འཛིན་དང་ལོ་རྒྱུས་ཀྱི་ཁུངས་ལ་བརྩི་འཇོག་བྱ་དགོས། སྡེ་ཚན་མཉམ་ལས་ཀྱི་རྐྱེན་སྲོལ་བཙུགས་ཏེ། ཡུལ་དངོས་དང་དྲ་ཐོག་ཟུང་འབྲེལ་གྱིས་སྒྲོག་འགྲེལ་དང་འགྲེམས་སྟོན་སོགས་ཀྱི་ལམ་ནས་རིག་གནས་ལོ་རྒྱུས་རྒྱ་ཆེར་སྤེལ་དགོས་པ་དང་དེ་བཞིན་གྲུབ་འབྲས་ཀྱི་ཆེད་དོན་སྙན་ཞུ་བཟོ་དགོས་པ་དང་རྫོང་ཆུས་ཁག་གིས་དོན་འཁྱོལ་གྱི་བྱ་ཐབས་ཞིབ་ཕྲ་བཅས་ཏེ། ལས་དོན་ཁག་ལམ་ལྷོངས་ཡོང་བར་བྱ་དགོས་པའི་བླང་བྱ་བཏོན་ཡོད།

