2026ལོའི་ཟླ7པར། གོ་འཇོ་རྫོང“དམར་མདངས་ཆབ་མདོ།དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་སྐབས་གཉིས་པའི་རྫོང་རིམ་པའི་འགྲན་སྡུར་རབ་དང་རིམ་པ་འགོ་ཚུགས་པ་དང་། གོ་འཇོ་རྫོང་དེའུ་དམར་སྒྱུ་རྩལ་རྒྱུད་འཛིན་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་ཤེས་རབ་ཉི་མའི་རིམས་སྲུང་བོད་སྤོས་བཟོ་རྩལ་རྣམ་གྲངས་ལ་རྫོང་རིམ་པའི་ཨང་དང་པོ་ཐོབ་ནས་ཡང་བསྐྱར་གོ་འཇོ་རྫོང་གི་ཚབ་ཞུས་ཏེ་གྲོང་ཁྱེར་རིམ་པའི་རྟིང་རྩོད་འགྲན་སྡུར་ནང་ཞུགས་རྒྱུ་ཡིན་པ་རེད། བོད་ཀྱི་རིམ་པ་དང་པོའི་ཐང་གའི་དགེ་རྒན་དང་བཟོ་རྩལ་མཛེས་རྩལ་ཆེ་མོ་བའི་མཚན་སྙན་ཡོད་པའི་ཁོང་གིས་བོད་སྤོས་ལ་བརྟེན་ནས་སྲོལ་རྒྱུན་གྱི་མངོན་མིན་རིག་གནས་ཤུལ་བཞག་དང་དེང་རབས་ཀྱི་ཁྲོམ་ར་མཉམ་འདྲེས་དང་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་བཞིན་ཡོད།
2025ལོའི་གྲོང་ཁྱེར་རིམ་པའི་བོད་སྤོས་བཟོ་རྩལ་གྱི་མཐའ་བསྡུར་ནང་། ཤེས་རབ་ཉི་མས་གྲོང་ཁྱེར་ཡོངས་ཀྱི་བོད་སྤོས་ལག་རྩལ་པ30དང་གར་སྟེགས་གཅིག་གི་ཐོག་ནས་འགྲན་སྡུར་བྱས་པ་བརྒྱུད། དེའུ་དམར་བོད་སྤོས་ལ་བྱ་དགའ་ཨང་གཉིས་པ་ཐོབ་པ་རེད། གྲུབ་འབྲས་འདི་དག་གི་འབྱུང་ཁུངས་ནི་གནའ་བོའི་ལག་རྩལ་ལ་སློབ་སྦྱོང་དང་རྒྱུད་འཛིན་བྱས་པའི་རྨང་གཞིའི་སྟེང་། དེའུ་དམར་གསོ་རིག་གཅེས་བཏུས་སུ་བཀོད་པའི་ཀོ་ལ་ཉེར་ལྔའི་རྨང་གཞིར་བརྩི་སྲུང་བྱས་པ་ལས་བྱུང་བ་ཡིན་ཟེར།
དེའུ་དམར་བོད་སྤོས་ཀྱི་མི་རབས་ལྔ་པའི་རྒྱུད་འཛིན་པ་ཞིག་ཡིན་པའི་ཆ་ནས། ཤེས་རབ་ཉི་མས་སྤུས་ལེགས་ཀྱི་ཐོན་རྫས་འདི་ཉིད་རྒྱ་ཆེ་ཞིང་ཁོད་ཡངས་པའི་ཁྲོམ་རའི་ཐོག་བསྐྱོད་དགོས་པའི་ངེས་ཤེས་ཟབ་མོ་བྱུང་ཡོད། འདས་ཟིན་པའི་སྲོལ་རྒྱུན་གྱི་བོད་སྤོས་དྲི་མ་སྟུག་པོ་ཡོད་པས་ནང་ལོགས་ཀྱི་འཛད་སྤྱོད་པའི་གོམས་གཤིས་དང་བསྟུན་ཐབས་དཀའ་མོ་ཡོད། 2017ལོ་ནས་བཟུང་ ཁོང་གིས་ནང་སར་བསྐྱོད་དེ་རྟོག་ཞིབ་ཐེངས་མང་གནང་མཐར་དྲི་མ་ཞིམ་པའི་དེའུ་དམར་ཚོང་རྟགས་ཅན་གྱི་བོད་སྤོས་བཟོས་པ་དང་། འགྲེམས་འཚོང་དང་ཐད་གཏོང་གི་ལམ་ནས་ཞིང་ཆེན་གང་མང་དུ་འཚོང་མགོ་བརྩམས་པ་རེད།
ཐོག་མའི་འགྲན་སྡུར་ལ་གྲོང་ཁྱེར་དང་རྫོང་བཅས་རིམ་པ་གཉིས་ཀྱི་སྨྱན་སྦྱོར་གྱིས་འཕྲིན་སྤེལ་བྱས་པ་དེས། དེའུ་དམར་བོད་སྤོས་ཀྱི་སྙན་གྲགས་གང་སར་ཁྱབ་པ་དང་། འགྲན་སྡུར་རྗེས་སུ་དྲ་ཐོག་ནས་བློ་འདྲི་བ་དང་ལྗོངས་ཕྱི་ནས་མངགས་ཉོ་བྱེད་མཁན་ཇེ་མང་དུ་སོང་། མཉམ་ལས་ཁང་གིས་ཞིང་འབྲོག་པ20ལྷག་སྣེ་ཁྲིད་དེ་རང་ཁྱིམ་གྱི་སྒོ་མདུན་དུ་འབབ་འཕར་བྱུང་ནས“འགྲན་སྡུར་ལ་བརྟེན་ནས་ཐོན་ལས་ལ་སྐུལ་འདེད་གཏོང་བ་དང་། འགྲན་སྡུར་ལ་བརྟེན་ནས་ཞིང་པར་སྐུལ་ཁྲིད་བྱེད་པའི”གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཆགས་ཡོད།
ཐེངས་འདིའི་གྲོང་ཁྱེར་རིམ་པའི་མཐའ་སྡུར་གྱི་མདུན་དུ། ཤེས་རབ་ཉི་མས་བོད་སྤོས་རིག་གནས་ཀྱི་ནང་སྙིང་སྔོག་འདོན་བྱས་ཏེ། གནའ་བོའི་བཟོ་རྩལ་གྱི་རྨང་གཞིའི་ཐོག་བཟོ་རྩལ་ཞིབ་ཕྲ་ཅན་ཏུ་བཏང་ནས་བོད་ཤར་གྱི་མངོན་མིན་རིག་གནས་ཤུལ་བཞག་རི་གྲོང་ནས་བརྒལ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

