འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་ཆུའི་སྙན་དབྱངས་ནམ་ཡང་ཆད་པ་མེད། རྒྱལ་ལམ་ཀྱ་ཀྱུའི་སྣེ་མོ་མདུན་དུ་བསྲིངས། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སུ་ལོ་ངོ་ལྔ་སྟོང་ལྷག་གི་ཤེས་རིག་གི་ལོ་རྒྱུས་ཡོད་པའི་ཁ་རུབ་གནའ་ཤུལ་ཡོད་པ་དང་། གནས་འདི་ནས་ཐོན་པའི་རྫ་བུམ་ལྟོ་བ་ཉིས་ཅན་གྱིས་གནའ་སྔ་མོ་ནས་རྒྱ་བོད་ཀྱི་སྔོན་བྱོན་པ་དག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བྱེད་པའི་ཕྱིར་དྲན་ཟབ་མོ་བྲིས་ཡོད། གནའ་ཤུལ་གྱི་འགྲམ་དུ་གནས་པའི་ཁ་རུབ་པེ་ཅིན་གྲོང་གསར་ནི་དུས་རབས་གསར་པའི་རླབས་རྒྱུན་ཁྲོད་སྐྱེ་སྟོབས་ཀྱི་གསོན་ཤུགས་འབར་ཏེ་གངས་ལྗོངས་ས་མཐོའི་གྲོང་གསེབ་འཕོ་འགྱུར་གྱི་གསོན་ཉམས་ལྡན་པའི་བསྡུས་གཟུགས་ཤིག་ཆགས་ཡོད།
གནའ་བོའི་ས་ཆ་འདི་རུ། ཁ་གཏད་བོད་སྐྱོར་གྱི་རོགས་རམ་དང་ལས་བྱེད་མང་ཚོགས་ཀྱི་འབད་འབུངས་ལ་བརྟེན་ནས་མཆོང་སྐྱོད་ལྟ་བུའི་འཕོ་འགྱུར་བྱུང་ཡོད། ཉེ་བའི་ལོ་ཤས་རིང་། པེ་ཅིན་གྲོང་ཁྱེར་གྱིས་སྒོར་ཁྲི2300ཡི་རོགས་སྐྱོར་བཏང་ནས་གྲོང་མིའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ཏེ། གྲོང་གསེབ་ཀྱི་འཕེལ་རྒྱས་ཞན་ཆ་སེལ་བ་རེད། ལམ་བཟོ་ཟམ་བསྐྲུན་དང་། སྡོད་ཁང་ཉམས་གསོ། བཙོག་ཆུ་སྦུག་དྲ་བསྐྲུན་པ་སོགས་རབ་དང་རིམ་པའི་དམངས་འཚོ་འདུ་འགོད་ཀྱིས་གྲོང་ཚོའི་རྣམ་པ་རྙིང་པ་རྩ་བ་བསྒྱུར་བཀོད་བཏང་ནས་གྲོང་གསེབ་དར་རྒྱས་འགྲོ་བར་རྨང་གཞིའི་རྩ་བ་བརྟན་དུ་བཏང་ཡོད།
ད་ཆའི་ཁ་རུབ་པེ་ཅིན་གྲོང་གསར་ནི་སྤྱི་པའི་སྒྲིག་ཆས་ཉིན་བཞིན་འཐུས་ཚང་དུ་ཕྱིན་པ་དང་གྲོང་གསེབ་ཀྱི་བྱེད་ནུས་བཅོས་སྐྱོང་ཐུབ་ཡོད། གྲོང་ཚོའི་ནང་ཚད་ལྡན་ཅན་གྱི་རིག་གནས་ཐང་ཆེན་བསྐྲུན་ཏེ། ནམ་རྒྱུན་ས་རུབ་ཁར་གྲོང་མི་ཚོ་ཐང་ཆེན་དུ་འཛོམས་ཏེ་གླུ་ལེན་བྲོ་འཁྲབ་ཀྱིས་དགའ་སྤྲོའི་དཔལ་ལ་རོལ་བཞིན་ཡོད།
“གྲོང་མི་ཚོའི་རང་རྟོགས་རང་གཅུན་དང་སེམས་མཐུན་མཉམ་བཅོས་ཡོད་པས་ལྟ་སྐུལ་བྱེད་མི་དགོས་པར་གཟའ་འཁོར་རེའི་གཟའ་མིག་དམར་ཉིན་ཚང་མས་རང་འགུལ་ཐོག་ལམ་གཙང་ཕྱགས་བྱེད་བཞིན་ཡོད”ཅེས་དགུ་ཐིག་རྗེས་ཀྱི་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཅིག་ལྕོགས་བཞེས་པའི་བློ་བཟང་རྣམ་གྲགས་ཀྱིས་སྤོབས་ཉམས་དོད་པོས་དེ་ལྟར་བཤད།

