འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར།སྨར་ཁམས་རྫོང་ཟུར་སྡེ་ཤོད་ཤང་བཅུ་དཔོན་ཤོད་གྲོང་ཚོར།རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཐོན་རྫས“ཟུར་སྡེ་ཤོད་ཀྱི་སུར་པན”ལ་ལོ་ལེགས་བྱུང་ཡོད།དམར་ཐིང་ངེར་སྨིན་པའི་སུར་པན་དེ་དག་ཐད་གཏོང་ལམ་ནས་ཕྱིར་འཚོང་བྱས་པས།གྲོང་མི་ཚོའི་ལག་ཏུ་ཡོང་འབབ་གསོག་ཐུབ་པའི“ཕྱུག་འགྱུར་སུར་པན”ཞིག་ཏུ་གྱུར་ཡོད། མིག་སྔར།བཅུ་དཔོན་ཤོད་གྲོང་ཚོའི་སུར་པན་འདེབས་སར་བྲེལ་བ་ཆེན་པོ་ཡོད་པ་དང་གྲོང་མི་ཚོས་དགའ་སྤྲོ་དང་བཅས་སུར་པན་འཐོག་པ་དང་དབྱེ་བ་ཕྱེ་བ་སོགས་བྱེད་བཞིན་ཡོད་ལ།ས་ཐོག་ཏུ་སྤུངས་པའི་དམར་མདངས་བཀྲ་བའི་སུར་པན་དེ་དག་གིས་ལོ་ལེགས་ཀྱི་ཡུལ་ལྗོངས་ཤིག་བསྐྲུན་ཡོད།
ཟུར་སྡེ་ཤོད་ཀྱི་སུར་པན་ནི་ས་གནས་དེ་གའི་ཁྱད་ལྡན་ཐོན་ལས་ཤིག་ཡིན་རུང་། སྔོན་ཆད་སིལ་འཚོང་ཙམ་གྱི་ཐབས་ཁོ་ན་ལ་བརྟེན་དགོས་སྟབས། སྐྱེལ་འདྲེན་གྱི་ཟད་གྲོན་ཆེ་བ་དང་།སོས་ཉར་བྱེད་དཀའ་བ།གཅིག་གྱུར་གྱི་སྤུས་རྟགས་མེད་པ།རིན་གོང་ཡག་པོ་མི་ཁུག་པ་བཅས་ཀྱི་གནད་དོན་འཕྲད་ཡོད།
འདི་ལོར། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་སུར་པན་ལ་ཚད་གཞི་ཅན་གྱི་ཐུམ་སྒྲིལ་གསར་པ་བཟོས་ཡོད།ས་ཁམས་མཚོན་རྟགས་དང་འབྲི་ཆུའི་རི་མོ་བཀོད་པའི་ཤོག་སྒམ་དམར་པོ་དེས་སུར་པན་ལ་གྱོན་ཆས་གསར་པ་བརྗེས་བ་ལྟར་གྱུར་ཏེ། ཐོན་རྫས་ཀྱི་རིན་ཐང་དང་ཚོང་རྟགས་ཀྱི་སྙན་གྲགས་ཀྱང་ཆེ་རུ་ཕྱིན་ཡོད། འཚོང་ལམ་སྔར་བས་རྒྱ་ཆེར་གཏོང་ཆེད།ལས་དོན་རུ་ཁག་གིས་སུར་པན་འདེབས་སར་ཐད་གཏོང་ཁང་བཙུགས་ནས་དྲ་བའི་ཐད་གཏོང་ལམ་ནས་སུར་པན་ཕྱིར་འཚོང་བྱས་པ་རེད།ས་ཡུལ་དངོས་སུ་ཐད་ཀར་འགྲེམས་སྟོན་དང་།བྲོ་བ་མྱོང་དུ་བཅུག་པ་སོགས་བྱས་ཏེ་རི་ཁུག་ཏུ་ཡོད་པའི་སྤུས་ལེགས་སུར་པན་དེ་དག་འཛད་སྤྱོད་པའི་གསོལ་ལྕོག་ཐོག་ཏུ་སླེབས་ཐུབ་པར་བྱས་པས་སུར་པན་ཕྱིར་འཚོང་བྱེད་པའི་ལྷུ་ཚིགས་མང་པོ་ཞིག་གྲོན་ཆུང་ཐུབ་ནས་ཚོང་ཟོག་འདོན་ཚད་ཆེས་ཆེར་མཐོ་རུ་ཕྱིན་ཡོད།
སྤུས་ཚད་ལེགས་སུ་གཏོང་བ་དང་ཐུམ་སྒྲིལ་བརྗེ་བ་ནས་ཐད་གཏོང་བྱེད་པའི་བར་གྱི་གནས་ཚུལ་ལས་བཅུ་དཔོན་གྲོང་ཚོའི་སུར་པན་ཐོན་ལས་དེ་རིམ་སྤོར་བྱེད་བཞིན་པ་མཚོན་ཡོད’ཞིང་ནང་གི་སུར་པན་དམར་ཐིང་ངེར་ཆགས་པ་དང་མཉམ་དུ།ཡུལ་མི་ཚོའི་འཚོ་བའང་ཉིན་རེ་བཞིན་ཡར་རྒྱས་སུ་འགྲོ་བཞིན་ཡོད།

