国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年07月28日

ཆབ་མདོ་གྲོང་ཁྱེར་བོད་སྨན་ཞིབ་འཇུག་ལྟེ་གནས་བཙུགས་ནས་སྒོ་བྱང་བཀལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ7ཚེས27ཉིན། ཆབ་མདོ་གྲོང་ཁྱེར་བོད་སྨན་ཞིབ་འཇུག་ལྟེ་གནས་བཙུགས་པ་དང་གཞུང་བཙུགས་སྨན་ཁང་སྤུས་དག་གོང་འཕེལ་སྐོར་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུའི་འགོ་ཚུགས་མཛད་སྒོ་གཉེར་བ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ཧོང་གོ་ཅན་དང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་སྤེན་པ་ཚངས་གཅོད་ཀྱིས་ཤིས་ཚིག་གསུངས་ནས་སྒོ་བྱང་གི་ཡོལ་བ་ཕྱེ་བ་རེད།

ཧོང་གོ་ཅན་གྱིས་ཆབ་མདོ་ལ་རི་སྐྱེས་ཀྱི་སྨན་རྩྭ་སྟོང་ཕྲག་མང་པོ་ཡོད་ལ་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་འབོར་ཆེན་ཡོད།སྙིང་རྩ་དང་ཀླད་རྩའི་ནད། ས་མཐོའི་དལ་བའི་རང་བཞིན་གྱི་ནད་རིགས་ལ་ཐུན་མོང་མ་ཡིན་པའི་བཅོས་ཐབས་ཡོད། གྲོང་ཁྱེར་བོད་སྨན་ཞིབ་འཇུག་ལྟེ་གནས་ཀྱིས་གནའ་གཞུང་དང་མཚན་ལྡན་མཁས་དབང་རྣམ་པའི་ཉམས་མྱོང་མཐའ་དག་གྲངས་འཛིན་ཅན་དུ་བསྒྱུར་ནས་སྲུང་སྐྱོབ་དང་ཞིབ་འཇུག་གནང་དགོས་ལ། བོད་སྨན་རྒྱུ་ཆའི་ཐོན་ཁུངས་མ་ལུས་ལ་ཚན་རིག་ཞིབ་འཇུག་གི་འགག་གནད་བརྟོལ་ནས། ས་མཐོའི་རང་བཞིན་གྱི་ནད་རིགས་ལ་ཆེད་དུ་གསོ་བཅོས་བྱེད་ཐབས་ཐད་ཞིབ་འཇུག་གནང་སྟེ། བོད་སྨན་གསོ་དཔྱད་ཉམས་མྱོང་རྒྱུན་འཛིན་ཙམ་ནས་ཚད་ལྡན་ལུགས་མཐུན་དུ་བསྒྱུར་ནས། གྲོང་ཁྱེར་ཡོངས་ཀྱི་བོད་སྨན་གསོ་དཔྱད་ཀྱི་འཕྲོད་བསྟེན་བྱ་གཞག་དང་ཁྱད་ལྡན་གསོ་དཔྱད་ཐོན་ལས་སྤུས་དག་གོང་འཕེལ་འགྲོ་ཕྱིར་ཚན་རྩལ་གྱི་སྒུལ་ཤུགས་འདོན་དགོས་ཅེས་བསྟན།

སྤེན་པ་ཚངས་གཅོད་ཀྱིས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱིས་གཞུང་འཁྱོངས་གསར་གཏོད་ཀྱི་ཁ་ཕྱོགས་ལ་གཞིགས་ཏེ། ན་མང་བའི་ནད་རིགས་དང་བཅོས་དཀའ་བའི་ནད་རིགས་ལ་ཕན་པའི་ཐུན་མིན་གསོ་བཅོས་ཀྱི་ཐབས་ལམ་དང་ཁྱད་ལྡན་བོད་སྨན་གྱི་སྨན་སྣ་སྔོག་འདོན་བྱས་ཏེ། ཤེས་ལྡན་པ་དང་ཚན་ཞིབ། མཐུན་རྐྱེན་དང་ཐོན་ཁུངས་སོགས་ཆབ་མདོ་ལ་ཁ་ཕྱོགས་ནས། ཐོན་ཁུངས་མཉམ་སྤྱོད་དང་ལེགས་ཆ་སྤེལ་རེས། ཕར་རོགས་ཚུར་རོགས་ཐུབ་པ་བཅས་བྱས་ཏེ། སློབ་ཆེན་དང་སྨན་ཁང་དབར་མཉམ་ལས་ཇེ་ཟབ་ཇེ་ལེགས་སུ་ཡོང་བ་དང་། ཐུན་མོང་ཐོག་དུས་རབས་གསར་པའི་བོད་སྨན་འཛིན་སྐྱོང་སྤེལ་གསུམ་གྱི་ལེ་ཚན་གསར་པ་རྩོམ་རྒྱུ་ཡིན་ཞེས་གསུངས།