འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ7པའི་ཚེས17ཉིན་ནས་ཚེས་18ཉིན་བར།“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོ་སྐབས་གཉིས་པ་ལས་སློབ་མ་དང་ཁྱིམ་བདག་གིས་མཉམ་དུ་གཏམ་རྒྱུད་བཤད་པའི་མཐའ་བསྡུར་དེ་ཁམས་པའི་རིག་གནས་འཁྲབ་སྟོན་ལྟེ་གནས་སུ་གཉེར་ཡོད། གྲོང་ཁྱེར་ཡོངས་ཀྱི་རྫོང་ཆུས་ཁག་གི་ཕ་མ་དང་བུ་ཕྲུག་གི་ཁྱིམ་ཚང་རིམ་བཞིན་གར་སྟེགས་ཐོག་ཕེབས་ཏེ། བབ་ཆགས་པའི་སྐད་ཆའི་ཐོག་ནས་བོད་ཤར་རྒྱུད་ཀྱི་དཔའ་བོའི་གཏམ་རྒྱུད་དང་ཁྱིམ་སྲོལ་རྒྱུན་འཛིན་བྱས་ཚུལ་གླེང་བ་རེད།
འགྲན་བསྡུར་དེ་སློབ་ཆུང་དང་། དམའ་རིམ་སློབ་འབྲིང་། མཐོ་རིམ་སློབ་འབྲིང་བཅས་ཚོགས་ཆུང་གསུམ་ལ་དབྱེ་ནས་སྤེལ་གྱི་ཡོད། གྲོང་ཁྱེར་ཡོངས་ཀྱི་རྫོང་ཆུས་ཁག་གི་སློབ་གསོ་ཅུད་ཀྱིས་འདེམས་སྒྲུག་ཞིབ་ཚགས་བྱས་པའི་འགྲན་ཞུགས་ཁྱིམ་ཚང་གིས་རང་སོ་སོའི་ཁྱད་ཆོས་ལྡན་པའི་གསར་བརྗེའི་གཏམ་རྒྱུད་བཤད་ཡོད། ལ་ལས་དམག་སྡེ་བཅོ་བརྒྱད་པ་བོད་དུ་ཡོང་ནས་གངས་རི་བརྒལ་བའི་ལོ་རྒྱུས་ཀྱི་རྣམ་པ་བསྐྱར་མངོན་བྱེད་པ་དང་། ལ་ལས་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་གྱི་ལམ་བཟོ་འཐབ་འཛིང་པས་མི་སེམས་འགུལ་བའི་ངང་ལས་གནས་བརྟན་སྲུང་བྱས་ཚུལ་གླེང་བ། ལ་ལས་རང་ཉིད་ཀྱི་ཕ་མེས་ཡང་མེས་ཀྱིས་སྐམ་ཐོག་གསར་བརྗེའི་ས་གཞིའི་ཐོག་རྒྱུན་མཐུད་བྱས་པའི་ཁྱིམ་སྲོལ་དང་ཁྱིམ་གྱི་བསླབ་ཚིག་མཉམ་སྤྱོད་ཞུས་པ་རེད།
ཞིབ་དཔྱད་ཨུ་ཡོན་གྱིས་སྐར་གྲངས་ནན་པོ་བརྒྱབ་པ་བརྒྱུད། ཚོགས་ཆུང་གསུམ་གྱི་ཨང་དང་པོ་སྔ་རྗེས་སུ་ཐོན་པ་སྟེ།སློབ་ཆུང་ཚོགས་ཆུང་ནང་བྲག་གཡབ་རྫོང་གི《དམར་མདངས་ཆབ་མདོ། ངའི་སྤོ་བོ་ནི་དཔའ་བོ་ཡིན》ཞེས་པར་ཨང་དང་པོ་དང་། ཁ་རུབ་ཆུས་ཀྱི《ཟླ་ཆུའི་ངོགས་ཀྱི་མི་རབས་གསུམ་གྱིས་ཁྱིམ་སྲོལ་སྲུང་བ》ཞེས་པར་ཨང་གཉིས་པ། དཔལ་འབར་རྫོང་གི《ཤར་གངས་ལའི་དཔའ་བོའི་ལམ་བུ》ཞེས་པར་ཨང་གསུམ་པ་བཅས་ཐོབ་ཡོད། དམའ་འབྲིང་ཚོགས་ཆུང་ནང་ཁ་རུབ་ཆུས་ཀྱི《འོད་མདངས་འཕྲོ་བའི་གཙང་གསུམ། གསར་བརྗེའི་ཡུལ་མཆོག་ཆབ་མདོ》ཞེས་པར་ཨང་དང་པོ་དང་། སྨར་ཁམས་ཀྱི《ཚྭ་ཁུག་མ་གཅིག་གི་རྩིས་ཐོ》ཞེས་པར་ཨང་གཉིས་པ། བྲག་གཡབ་རྫོང་གི《དམར་མདངས་ཆབ་མདོ། ཁྱིམ་སྲོལ་རྒྱུན་འཛིན》ཞེས་པར་ཨང་གསུམ་པ་བཅས་ཐོབ་ཡོད། མཐོ་འབྲིང་ཚོགས་ཆུང་ནང་ཆབ་མདོ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭའི《གསར་བརྗེའི་སྐམ་ཐོག་གིས། བརྩེ་བ་བརྒྱུད་སྤྲོད་བྱེད》ཞེས་པར་ཨང་དང་པོ་དང་། ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་བཞི་པའི《སྐམ་ཐོག་གི་དར་དམར། གངས་ལྗོངས་ཀྱི་བློ་དཀར》ཅེས་པར་ཨང་གཉིས་པ། ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པའི《དཔའ་བོའི་ཁྲག་རྒྱུན་མཐུད་ནས་ལང་ཚོའི་ཕུགས་འདུན་མཉམ་དུ་གཏོད》ཅེས་པར་ཨང་གསུམ་པ་བཅས་ཐོབ་ཡོད།

