རི་སྔོ་ཀྲོང་ངེར་འགྱིང་ཞིང་དམངས་སྲོལ་བབ་ཆགས་པ། ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ཟུར་གཏོགས་ཤང་གི་གད་ཉག་ཤོད་གྲོང་ཚོར་རྒྱ་བོད་མང་ཚོགས་ཕན་ཚུན་རོགས་རེས་བྱས་ཏེ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཡོད།རྒྱ་རིགས་གཞོན་ནུ་ལིག་ཧྲན་ཝུན་དང་བོད་རིགས་བཟའ་ཟླ་དཀོན་མཆོག་ཆོས་འཛོམས་གཉིས་ཀྱིས་ལོ་ངོ་བཅུ་ཕྲག་རིང་ཕན་ཚུན་གྱི་བརྩེ་བ་དམ་དུ་སྦྲེལ་ཏེ་གསོན་ཉམས་ལྡན་པའི་སྒོ་ནས“མི་རིགས་ཁག་དབར་སེའུ་འབྲུའི་འབྲུ་གུ་ལྟར་རྡོག་རྩ་གཅིག་ཏུ་སྒྲིལ”བའི་ནང་དོན་ཟབ་མོར་འགྲེལ་བཤད་བསྐྱོན་ནས་གངས་ལྗོངས་ས་མཐོའི་མི་རིགས་མཐུན་སྒྲིལ་གྱི་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བཅས་ཀྱི་དཔེ་སྟོན་གསོན་པོ་ཆགས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་རིགས་མཐུན་སྒྲིལ་ནི་རང་རྒྱལ་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ནི་མི་རིགས་མཐུན་སྒྲིལ་གྱི་རྩ་བ་ཡིན། ”ཞེས་ནན་བཤད་གནང་བ་བཞིན།2007ལོར་གཞོན་ནུ་ལིག་ཧྲན་ཝུན་ཐག་རིང་ནས་ཡབ་དང་འགྲོགས་ཏེ་གད་ཉག་ཤོད་གྲོང་ཚོར་ཡོང་ནས་ཤིང་ལས་ལ་བརྟེན་ནས་འཚོ་བ་བསྐྱལ་མགོ་བརྩམས།སྐབས་དེར་སྐད་བརྡ་མི་འཕྲོད་པ་དང་ཡུལ་སྲོལ་གོམས་གཤིས་མི་གཅིག་པས་ཁོའི་སེམས་ལ་རྒྱུས་མེད་ཀྱི་ཚོར་བ་སྦྱིན། གྲོང་ཚོ་ནང་གི་བོད་རིགས་ཚོས་རོགས་རམ་གང་མང་བྱས་ཡོད་དེ། རྒན་པོ་སྐལ་བཟང་གིས་ཉིན་རེར་བོད་སྐད་བསླབ་པ་དང་། ཁྱིམ་མཚེས་ཆོས་སྒྲོན་གྱིས་མར་དང་རྩམ་པ་བསྐྱལ་བ། སྟོན་ཁར་ཚང་མས་རང་འགུལ་ཐོག་ས་ཞིང་རྨོ་རོགས་སོགས་བྱས་ཡོད་པ་རེད།
ལོ་ངོ་བཅུ་ཕྲག་ཆུ་མོ་བཞིན་དུ་རྒྱུག གད་ཉག་ཤོད་གྲོང་ཕ་ཡུལ་གཉིས་པར་ཆགས། ཁོས་བོད་སྐད་ཆུ་རྒྱུག་རྒྱུག་བཤད་ཐུབ་ལ་ཁྱིམ་ཚང་སོ་སོའི་གནས་ཚུལ་ལ་ཆ་རྒྱུས་ཡོད་པར་གྱུར་ཏེ་གད་ཉག་ཤོད་གྲོང་ཚོ་རང་ཉིད་ཀྱི་ཕ་ཡུལ་ལྟ་བུ་ཆགས་ཡོད། 2018ལོར་ཁྱིམ་མཚེས་ཀྱིས་ངོ་སྤྲོད་བྱས་པ་བརྒྱུད་ཁོ་དང་གཤིས་ཀ་འཇམ་ལ་ངང་རྒྱུད་བཟང་བའི་བོད་རིགས་བུ་མོ་དཀོན་མཆོག་ཆོས་འཛོམས་གཉིས་ཕན་ཚུན་ངོ་ཤེས་པར་གྱུར། མི་རིགས་ཀྱི་ཡུལ་སྲོལ་བཀག་རྒྱ་ལས་བརྒལ་ཏེ་སྐད་ཆ་དང་རིག་གནས་ལ་ཕན་ཚུན་སློབ་སྦྱོང་བྱས་ཅིང་འཚོ་བའི་གོམས་གཤིས་བསྟུན་མཁས་ཀྱིས་ཡིད་སེམས་གཅིག་ཏུ་མཐུན་ཏེ2020ལོར་བདེ་སྐྱིད་འཆམ་མཐུན་གྱི་རྒྱ་བོད་ཁྱིམ་ཚང་བསྐྲུན་པ་རེད།
“མི་རིགས་མཐུན་སྒྲིལ་ལས་དོན་ལེགས་པར་སྒྲུབ་པའི་ཆེས་འགག་རྩ་ནི་མི་རིགས་མཐུན་སྒྲིལ་ཡག་པོ་བྱ་རྒྱུ་དེ་ཡིན་པ་དང་།གོ་ཆོད་ཤོས་ནི་མི་སེམས་བརྩོན་ལེན་བྱ་རྒྱུ་དེ་རེད”ལས་ཀར་ནན་ཏན་ཆེ་ཞིང་སེམས་རྒྱུད་དྲང་བའི་ལིག་ཧྲན་ཝུན་ལ་གྲོང་མི་ཚོས“གོ་ཆོད་ཨ་བརྟན”ཞེས་འབོད་ཀྱིན་ཡོད། གྲོང་མི་བཀྲ་ཤིས་ཀྱིས་དཔྱིད་རྨོད་དུས་སུ་འདྲུད་འཐེན་འཁོར་ལོ་ཆག་སྐྱོན་བྱུང་བས་ཁོ་ཆར་རླུང་ལ་མ་འཛེམས་པར་སྤྱི་ལེ་གཉིས་ཀྱི་སར་སོང་ནས་ཉམས་གསོ་བྱས་པ་དང་།རྒན་རྒོན་ཚོའི་ཁ་པར་གྱི་བརྙན་ལམ་སྤྱོད་མི་ཤེས་ཚེ་ཁྱིམ་ཚང་ཀུན་ལ་སོང་ནས་རེ་རེ་བཞིན་སྤྱོད་སྟངས་སློབ་བཞིན་ཡོད། སྒོ་དང་སྒེའུ་ཁུང་ཆག་སྐྱོན་དང་། གློག་ལམ་ཆད་པ། ཞིང་ལས་འཕྲུལ་ཆས་ཞིག་གསོ་བྱེད་སྐབས་ཁོ་འབོད་ཚེ་ལམ་སང་ཐོན་ངེས་ཡིན།
དཔྱིད་གསར་དུས་སུ་མཉམ་དུ་དཔྱིད་གསར་ཆ་ཡིག་སྦྱར་ཞིང་ཅུང་རྡོག་བཟོ་བ་དང་། བོད་ཀྱི་ལོ་གསར་ཚེས་དུས་མཉམ་དུ་ཕྱེ་མར་བཟོས་ཏེ་དུས་ཆེན་བཏང་ནས་ཕྲུ་གུ་ཚོ་ཡང་རྒྱ་བོད་གཉིས་ཀྱི་རིག་གནས་ཀྱི་ཁོར་ཡུག་ཁྲོད་ནས་འཚར་ལོངས་འབྱུང་བཞིན་ཡོད། དཀའ་ལས་མཉམ་ཁུར་དང་།དུས་ཆེན་མཉམ་གཏོང་། རིག་གནས་མཉམ་རོལ་བཅས་བྱས་ཏེ་སྐྱིད་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་ཁུར། མཉམ་ཤི་མཉམ་གསོན། ལས་དབང་གཅིག་མཐུན་བཅས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཤིག་མངོན་ཡོད།

