国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年07月21日

སྲིད་གཞུང་གི་གར་སྟེགས་ཀྱིས་ལག་རྩལ་ལ་གསོན་ཤུགས་བསྩལ།

འདི་ནི་བཀྲ་ཤིས་དོན་གྲུབ་ཀྱིས་ཤིང་ཕོར་བཟོ་བཞིན་པ།

མཛོ་སྒང་རྫོང་དུ་བཟོ་བོ་བཀྲ་ཤིས་དོན་གྲུབ་ཀྱིས་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་ལམ་བུ་འཚོལ་གྱིན་ཡོད། ཁོང་གིས་སྲོལ་རྒྱུན་གྱི་ལག་རྩལ་སྔོག་འདོན་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱས་ཏེ། སྔར་བས་ལྷག་པའི་སྒོ་ནས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོར་བརྟེན་ནས་རི་གྲོང་ནས་གར་སྟེགས་ཐོག་ཏུ་བསྐྱོད་པ་རེད། ད་ཆ་སྲིད་གཞུང་གི་རོགས་སྐྱོར་འོག་ཏུ།ཁོང་གིས་འགྲན་སྡུར་གྱི་མཚན་སྙན་དེ་མང་ཚོགས་མཉམ་དུ་ཕྱུག་འགྱུར་སྣེ་ཁྲིད་བྱེད་པའི་གྲུབ་འབྲས་སུ་བསྒྱུར་ཏེ་ལག་རྩལ་གྲོང་དར་དང་བཟོ་བོའི་ཕུགས་འདུན་གཉེར་བའི་གསོན་ཉམས་ལྡན་པའི་གཏམ་རྒྱུད་ཅིག་བྲིས་ཡོད།

ལག་རྩལ་གྱིས་ཁྲོམ་རའི་སྒོ་མོ་ཕྱེ།

བཀྲ་ཤིས་དོན་གྲུབ་ཀྱི་བཟོ་ཁང་དུ་ཤིང་གི་དྲི་ཞིམ་འཐུལ་ཞིང་གྲི་དང་ཤིང་བར་བྱུང་བའི་སྒྲ་དབྱངས་དེ་ནི་དུས་རབས་དང་སྲོལ་རྒྱུན་གྱི་ཁ་བརྡ་དང་གཉིས་སུ་མ་མཆིས། ལོ་ཤས་གོང་དུ་གནས་འདིར་ཁོ་དང་ལས་གྲོགས་ལྔ་ཡིས་ལག་རྩལ་སྲུང་སྐྱོབ་དང་རྒྱུད་འཛིན་བྱས་ཀྱང་། མཉམ་ལས་ཁང་གི་ལོ་རེའི་ཡོང་འབབ་སྒོར་ཁྲི་བཅུ་ལས་མི་འདུག

“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་སྲོལ་རྒྱུན་གྱི་ཐོན་སྐྱེད་འཚོ་བའི་རྩལ་ནུས་འགྲན་སྡུར་སྤེལ་བའི་ཚུན་དུ། སྲིད་གཞུང་ཚན་པའི་སྐུལ་སློང་འོག་ཏུ་བཀྲ་ཤིས་དོན་གྲུབ་ཀྱིས་ཤིང་ཕོར་དང་པི་ཝང་གི་བརྩམས་ཆོས་བསྣམས་ཏེ་གར་སྟེགས་ཐོག་བསྐྱོད་པ་དང་། བསྟུད་མར་ལོ་གཉིས་རིང་རྫོང་རིམ་པའི་བསྐྱར་འགྲན་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ།“ན་ནིང་ཨང་གཉིས་པ་ཐོབ་སོང་། བྱ་དགའ་ལས་དེ་བས་གཙོ་ཆེ་བ་ནི་སྐར་ཁུང་གསར་པ་ཞིག་ཕྱེས་པ་དེ་རེད།”ཁོང་སེམས་འགུལ་ཐེབས་བཞིན“འགྲན་སྡུར་གྱིས་ལག་རྩལ་རྒྱུད་འཛིན་ཐུབ་པ་ཙམ་མ་ཟད་དེ་བས་རིག་གནས་ཕྱིར་བསྐྱོད་དུ་འཇུག་པ་རེད། རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ལས་ང་ཚོ་མང་ཚོགས་དང་ལག་རྩལ་པར་ཡིད་ཆེས་ཐོབ་པས་རྗེས་མར་གོ་སྐབས་ཡོད་ཚེ་ང་རང་ངེས་པར་དུ་ཞུགས་ངེས་ཡིན”ཞེས་བཤད།

ཤིང་ཕོར་གྱིས་འབབ་འཕར་རོགས་འདེགས་བྱས།

སྲིད་གཞུང་གི་འབྲེལ་ཡོད་ཚན་ཁག་གི་ཁྲིད་སྟོན་འོག ཁོང་གིས་མཉམ་ལས་ཁང་དེ་ལག་ཤེས་བཟོ་ལས་སྣ་གཅིག་ནས་ལག་རྩལ་རྒྱུད་འཛིན་དང་། ཐོན་རྫས་འགྲེམས་འཚོང་། ཚོང་རྟགས་གཉེར་སྐྱོང་བཅས་གཞི་གཅིག་གི་ཕྱོགས་བསྡུས་སྟེགས་བུ་རིམ་སྤར་བྱས་ཡོད། སྐད་གྲགས་ཆོད་ཚད་རིམ་གྱིས་ཆེ་རུ་ཕྱིན་ཏེ་ཕན་འབྲས་ཡར་རྒྱས་འགྲོ་བར་སྐུལ་ཁྲིད་བྱུང་ནས་ད་ལོར་ལོའི་ཡོང་འབབ་སྒོར་ཁྲི60ཟིན་ཏེ་འགྲན་ཞུགས་གོང་ལས་ལྡབ་གསུམ་ཙམ་འཕར་སྣོན་བྱུང་ཡོད།

“ང་ཚོ་མི་དྲུག་གིས་ལས་ཀ་ལྟར་ཟླ་རེའི་གླ་ཆ་སྤྲོད་ཀྱིན་ཡོད་ལ། ལས་ཀ་མེད་དུས་སྲིད་གཞུང་གི་ངོ་སྤྲོད་འོག་སྐྱེལ་འདྲེན་དང་ངལ་ལས་ཙག་ཙིག་བསྒྲུབ་ཀྱིན་ཡོད་པས་ཚང་མའི་ཡོང་འབབ་ཀྱང་འཕར་སྣོན་མི་ཉུང་བ་བྱུང་ཡོད”ཅེས་བཤད།

ཚང་མ་ཕྱུག་འགྱུར་ཡོང་བར་བརྩོན་ལེན་བྱེད།

“རང་ཉིད་གཅིག་པུ་ཕྱུག་པོ་འགྱུར་ན་ཕྱུག་འགྱུར་མ་ཡིན་པར་ཚང་མ་ཕྱུག་པོ་འགྱུར་ན་ད་གཟོད་ངོ་མའི་ཕྱུག་པོ་ཡིན”འདི་ནི་བཀྲ་ཤིས་དོན་གྲུབ་ཀྱི་སེམས་ནང་གི་སྐད་ཆ་རེད། “ལག་རྩལ་འདི་སྦྱོང་འདོད་མཁན་ཡོད་ན་ང་ཡིས་རིན་མེད་ངང་སློབ་ཆོག སྤྱིར་བཏང་རང་ལ་ནུས་པ་ཆུང་ན་འང་། ང་རང་གིས་ནམ་རྒྱུན་འབད་པ་བྱེད་ངེས་ཡིན”ཁོང་གི་མཉམ་ལས་ཁང་དེའི་སྐད་གྲགས་གང་སར་ཁྱབ་པ་དང་བསྟུན་ནས་ཤང་གྲོང་ཁག་གི་ལག་རྩལ་སྦྱོང་མཁན་དག་རིམ་གྱིས་ཡོང་བ་མ་ཟད། མཚོ་སྔོན་སོགས་ས་གནས་ཀྱི་སློབ་ཕྲུག་ཀྱང་ཡོང་ཡོད། མིག་སྔའི་བར་མཐར་ཕྱིན་པའི་སློབ་མ40ལྷག་གིས་ས་གནས་ཀྱི་སྲོལ་རྒྱུན་ལག་རྩལ་ལ་གསོན་ཤུགས་གསར་པ་ཞིག་བསྩལ་ཡོད།