国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年07月17日

ཆབ་མདོ་གྲོང་ཁྱེར་གྱི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་ནང་བྱ་དགའ་ཐོབ་མཁན་གྱི་འཐུས་ཚབ་པ་པེ་ཅིང་དང་ཐེན་ཅིན་དུ་བསྐྱོད་དེ་སྤེལ་རེས་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གནམ་བདེ་སྒོ་མོ་ཆེ་ཐང་ཆེན་ནས་མེས་རྒྱལ་རླབས་ཆེ་བ་ཚོར་ལ། ཕིང་ཅིན་གཡུལ་འགྱེད་དྲན་གསོ་ཁང་དུ་གསར་བརྗེའི་གསན། ཐེན་ཅིན་བློ་རིག་ཐཱན་སྟོང་གྲུ་ཁ་ནས་བཟོ་ལས་དེང་རབས་ཅན་ལ་ཉམས་སུ་མྱོང་ཞིང་། གནའ་བོའི་རིག་གནས་ཀྱི་སྲང་ལམ་ནས་ཐེན་ཅིན་གྱི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་ཐུན་མིན་གྱི་མཛེས་པ་མཐོང་།

དབྱར་གསེང་འདིར།ཆབ་མདོ་གྲོང་ཁྱེར་གྱི“དམར་མདངས་ཆབ་མདོ།དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་ཁག་ནང་བྱ་དགའ་ཐོབ་མཁན་གྱི་འཐུས་ཚབ་པ14ཐེན་ཅིན་བོད་སྐྱོར་མདུན་ཕྱོགས་བཀོད་འདོམས་པུའུ་དང་ཐེན་ཅིན་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག ཆབ་མདོ་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་སྒྲིག་འཛུགས་བྱས་ཏེ་པེ་ཅིང་དང་ཐེན་ཅིན་དུ་བསྐྱོད་དེ་ལྟ་སྐོར་དང་སློབ་སྦྱོང་གི་སྤེལ་རེས་བྱེད་སྒོ་སྤེལ་བ་རེད།

བྱ་དགའ་ཐོབ་པའི་བདམས་ཐོན་འཐུས་ཚབ་པ14ནང་ལག་རྩལ་བཟོ་བ་དང་།རྫ་ལས་མགར་བ། གླུ་ལེན་རྩེ་གྲ། གཏམ་རྒྱུད་འཆད་མཁན་ཡོད་པ་དང་།མི་མང་ཤོས་ཐོག་དང་པོ་གནམ་གྲུ་བསྡད་དེ་མཐོ་སྒང་ནས་ཁ་གྱེས་ཏེ་ལྷོ་ནུབ་མཐའ་མཚམས་ནས་རྒྱལ་ས་པེ་ཅིན་དང་པོ་ཧེ་ཐེན་ཅིན་དུ་འབྱོར་བ་རེད།

“མེས་རྒྱལ་སྟོབས་འབྱོར་ལྡན་ན། མཐའ་མཚམས་གཞི་ནས་བརྟན་ལྷིང་ཡོང་བ་དང་མི་དམངས་གཞི་ནས་བདེ་སྐྱིད་ལྡན་ཐུབ”

གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རབ་མཛེས་སྐར་ལྔའི་དར་དམར་ལྷབ་ལྷུབ་རླུང་གིས་བསྐྱོད་ཅིང་རྡོ་ཀ་བརྐོས་མ་བརྗིད་ཉམས་ལྡན་ལ་མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་ཀྲོང་ངེར་འགྱིང་བ་དང་།ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་འགྲུལ་བ་རྒྱུན་མི་ཆད་པ་ཡོད།

མིག་གིས་བརྗིད་ཆེ་བའི་འཛུགས་སྐྲུན་གྱི་བཀོད་པ་རེ་རེ་ལྟ་དུས་བྱ་དགའ་ཐོབ་མཁན་གྱི་བདམས་ཐོན་པའི་འཐུས་ཚབ་པའི་སེམས་ལ་ཧ་ལས་པ་དང་ངོ་མཚར་བའི་ཚོར་བ་ཞིག་སྟེར་བྱུང་།སྟེང་ཆེན་རྫོང་གྲོང་འབེལ་གྲོང་ཚོ་ནས་ཡོང་བའི་ཚེ་རིང་དབང་ཆེན་གྱིས་སེམས་འགུལ་ཚད་མེད་ཐེབས་པའི་བསམ་ཚུལ་འཆང་བཞིན་འོད་མདངས་བཀྲ་བའི་ཏང་རྟགས་བྲང་ཁར་བཏགས་ནས་ཡོད།“ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བའི་ཡིན་ལ།རང་ཉིད་ངོ་མས་གནམ་བདེ་སྒོ་མོ་ཆེའི་མཁར་སྒོ་མདུན་དང་མའོ་ཀྲུའུ་ཞིའི་སྐུ་པར་འོག་ཏུ་འདྲ་པར་བསྐྱོན་ཏེ་དྲན་རྟེན་དུ་འཇོག་རྒྱུ་བྱུང་བ་འདིས་མི་ཚེ་ཕྱེད་ཀའི་འདུན་མ་གྲུབ་པ་ཡིན།”ཁོང་གིས“གནས་འདི་ལས་དངོས་གནས་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པ་ཚོར་བྱུང་། མེས་རྒྱལ་སྟོབས་འབྱོར་ལྡན་ན། མཐའ་མཚམས་གཞི་ནས་བརྟན་ལྷིང་ཡོང་བ་དང་མི་དམངས་གཞི་ནས་བདེ་སྐྱིད་ལྡན་ཐུབ”ཅེས་པའི་སྐད་ཆ་བཤད་སྐབས། ཚེ་རིང་དབང་ཆེན་གྱི་མིག་ཟུང་ལས་འཚེར་འོངས་པ་ནི་མཐའ་མཚམས་ཀྱི་ཏང་ཡོན་རྒན་གྲས་ཤིག་གིས་མེས་རྒྱལ་ལ་བཅངས་པའི་ཆེས་བབ་ཆགས་པའི་བརྩེ་དུང་ཟབ་མོ་དེ་རེད།

པེ་ཅིན་ཆན་མིན་ཁྲོམ་གཞུང་དུ། བྱ་དགའ་ཐོབ་མཁན་གྱི་བདམས་ཐོན་པའི་འཐུས་ཚབ་པས་གནའ་གྲོང་གི་རིག་གནས་ལ་སེམས་ཀྱིས་ཚོར་ཐུབ་ཡོད།མཉམ་པར་བསྐྱོན་སྐབས། ཚང་མས་བོད་ལྭ་གྱོན་ཞིང་མདུན་སྒོ་ཟམ་པའི་ཐོག་མཁར་མདུན་དུ་མཉམ་གཅིག་ཏུ《པེ་ཅིང་གསེར་གྱི་རི་ལ》ཞེས་པའི་གླུ་གཞས་དབྱངས་སུ་གྱེར་བ་དང་།གླུ་གཞས་འདི་ནི་དེ་སྔ་ཁོ་ཚོས་འབྲོག་ཁུལ་གྱི་སྦྲ་གུར་དང་། སློབ་གྲྭའི་ལུས་རྩལ་ཐང་།དུས་ཆེན་གྱི་མེ་ཕུང་འགྲམ་སོགས་ནས་བླངས་པ་གྲངས་མེད་མོད།འོན་ཀྱང་ད་ཐེངས་ནི་རྒྱལ་ས་པེ་ཅིན་ཡིན་པ་རེད། སྐད་གསེང་མཐོ་ལ་འགྱུར་ཁུགས་སྙན་པའི་གླུ་སྐད་དེ་ནི་བོད་ཀྱི་བུ་ཕྲུག་གིས་མ་ཡུམ་མེས་རྒྱལ་ལ་བཅངས་པའི་བརྩེ་བ་ཟབ་མོ་དེ་རེད།

“གསར་བརྗེའི་གཞི་རྒྱུ་དེ་ང་ཚོ་ཐུན་མོང་གི་ཁྲག་རྒྱུན་ནང་རྒྱུ་བཞིན་ཡོད”

དོན་ངོ་མའི་མཉམ་འདྲེས་ནི་སེམས་གཏིང་ནས་བྱུང་བའི་གཅིག་མཐུན་དེ་ཡིན། ཕིང་ཅིན་གཡུལ་འགྱེད་དྲན་གསོ་ཁང་གི་སྔོན་གཤེགས་དཔའ་བོའི་མིང་ཐོའི་གྱང་མདུན་དུ་བྱ་དགའ་ཐོབ་མཁན་གྱི་བདམས་ཐོན་པའི་འཐུས་ཚབ་པས་གོམ་མཚམས་བཞག་སྟེ་ཡུན་རིང་བལྟས་པ་དང་། ཏོག་རྩེ་རྒྱལ་མཚན་གྱིས་དལ་གྱིས་མགོ་བོའི་ཞྭ་མོ་ཕུད་དེ་སྐད་ཆུང་ངུས་གྱང་ཐོག་གི་མིང་ཐོ་འདོན་པ་དང་། སེམས་འགུལ་ཟབ་མོ་ཐེབས་བཞིན“སྔོན་གཤེགས་དཔའ་བོ་འདི་དག་གིས་མི་སེར་གྱི་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་ཏུ་རོལ་ཏུ་འཇུག་ཆེད་ས་རུ་འགྱེལ་བ་རེད”ཅེས་བཤད།

བཤད་འཁྲིད་པས་ཕིང་ཅིན་གཡུལ་འགྱེད་ནི་བཅིངས་འགྲོལ་དམག་འཐབ་ཀྱི་གཡུལ་འགྱེད་ཆེ་མོ་གསུམ་གྱི་ནང་ནས་ཆེས་མཐའ་མཇུག་གི་གཡུལ་འགྱེད་དེ་ཡིན་ལ། ཀྲུང་གོ་གསར་པ་དབུ་བརྙེས་པར་རྨང་གཞི་བརྟན་པོ་བཏང་ཡོད།གྲོང་ཁྱེར་ཡོངས་ཀྱི་གཏམ་རྒྱུད་གྱེར་ཀློག་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་མཁན་གྱི་བོད་རིགས་ན་གཞོན་འདིས་དམག་སྡེ་བཅོ་བརྒྱད་པས་བོད་ཞི་བས་བཅིངས་འགྲོལ་བཏང་བའི་ལོ་རྒྱུས་ངག་ནས་ཆུ་བཞུར་བཞུར་ཡིན་ལ།ཆབ་མདོའི་གསར་བརྗེའི་གཏམ་རྒྱུད་བཤད་རྒྱུར་དེ་བས་ཀྱང་རྒྱུས་མངའ་ཆེན་པོ་ཡོད། ཁོང་གིས“ཆབ་མདོ་ནི་བོད་དུ་སྐར་ལྔའི་དར་དམར་ཐོག་མར་སྒྲེང་ཡུལ་དེ་ཡིན། 1950ལོར་ཆབ་མདོའི་གཡུལ་འགྱེད་ལ་རྒྱལ་ཁ་ཐོབ་རྗེས་བོད་ཞི་བས་བཅིངས་འགྲོལ་གཏོང་བའི་འགོ་འདི་ནས་བརྩམས་པ་རེད། གསར་བརྗེའི་གཞི་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྦྲེལ་ཐག་ལྟ་བུ་ཡིན་པས། ཐོག་མཐའ་བར་གསུམ་དུ་ང་ཚོ་ཐུན་མོང་གི་ཁྲག་རྒྱུན་ནང་རྒྱུ་བཞིན་ཡོད”ཅེས་བཤད།