འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཧྥུའུ་ཀྲོའུ་གྲོང་ཁྱེར་རུས་ནད་ཚན་ཁག་གི་སྨན་པའི་དཔུང་ཁག་དཔའ་ཤོད་རྫོང་དུ་བསྐྱོད་དེ་རིན་མེད་པུས་ཚིགས་བརྗེ་བའི་གཤགས་བཅོས་བྱས་པ་རེད།ཐེངས་འདིའི་སྤྱི་ཕན་རོགས་སྐྱོར་བྱ་ཡུལ་གཙོ་བོ་ཏང་ཡོན་རྒན་གྲས་དང་། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི། དཀའ་ངལ་ཡོད་པའི་ཁྱིམ་ཚང་བཅས་དམིགས་བསལ་ཚོགས་པ་ཡིན་ཞིང་། གནད་ལ་འཁེལ་བའི་སྒོ་ནས་སྨན་བཅོས་རོགས་སྐྱོབ་སྤེལ་ཡོད། ཆེད་མཁས་པའི་འཆར་གཞི་ལྟར་ན་པུས་ཚིགས་ནད་ཚབས་ཆེན་ཕོག་པའི་ནད་པ20ལྷག་ལ་རིན་མེད་ངང་པུས་ཚིགས་བརྗེ་བའི་གཤགས་བཅོས་བྱ་རྒྱུ་ཡིན་ཞིང་། མིག་སྔའི་བར། མི9ལ་གཤགས་བཅོས་ལེགས་གྲུབ་བྱུང་ནས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
“ཏང་དང་རྒྱལ་ཁབ་དེ་བཞིན་བོད་སྐྱོར་སྨན་པའི་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོ་ནང་སར་འགྲོ་མི་དགོས་པར་ཁྱིམ་གྱི་སྒོ་མདུན་དུ་གཤགས་བཅོས་བྱེད་ཐུབ་སོང་།”ནད་པ་རབ་རྒྱས་ཀྱིས་དེ་ལྟར་བཤད། དེ་སྔར་ཡུལ་གཞན་དུ་སྨན་བཅོས་བྱེད་པར་འགྲོ་བར་ལམ་ཐག་རིང་ཞིང་དཀའ་ངལ་ཆེན་པོ་ལྡན་པ་དང་། ཐེངས་འདིའི་སྤྱི་ཕན་གཤགས་བཅོས་ཀྱིས་ནད་པའི་ཟུག་གཟེར་ཇེ་ཆུང་དུ་བཏང་བ་མ་ཟད།མང་ཚོགས་ཀྱི་རྒྱུན་ལྡན་འགྲོ་སྐྱོད་དང་ཐོན་སྐྱེད་འཚོ་བར་སྔར་བས་སྟབས་བདེ་བསྐྲུན་པས་དོན་དངོས་ཐོག་ནས་མང་ཚོགས་ཀྱིས་སྨན་བཅོས་རོགས་སྐྱོར་གྱི་དྲོད་ཁོལ་མྱོང་ཐུབ་ཡོད།
ཧྥུའུ་ཀྲོའུ་གྲོང་ཁྱེར་སྤྱི་ཁྱབ་སྨན་ཁང་གཉིས་པའི་ཀྲུའུ་རེན་སྨན་པ་འུའུ་ལིས་ཀྲུང་གིས་ངོ་སྤྲོད་བྱས་པ་ལྟར་ན། དཔའ་ཤོད་རྫོང་གི་མང་ཚོགས་ཀྱི་པུས་མོ་ཕྱིར་འཁྱོག་པ་དང་གྲུམ་ནད་ཚབས་ཆེན་ཕོག་པའི་ནད་པ་མང་ཞིང་། མང་ཤོས་རུས་ཚིགས་ཡ་མ་གཟུགས་དང་།ནད་ཡུན་རིང་བ། གཤགས་བཅོས་བྱེད་དཀའ་བ་སོགས་གནད་དོན་གང་མང་ཡོད་པ་རེད། ཐེངས་འདིར་རོགས་སྐྱོར་སྨན་བཅོས་རུ་ཁག་གི་སྒྲིག་ཆས་ཆ་ཚང་བས་གཤགས་བཅོས་ལམ་ལྷོངས་བྱུང་ཡོད།

