འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།དམར་མདངས་ཆབ་མདོ།དར་རྒྱས་ཡར་བརྩོན་ཞེས་པའི་མང་ཚོགས་རང་བཞིན་འགྲན་སྡུར་བྱེད་སྒོ་སྐབས་དང་པོའི་གླུ་གར་འགྲན་སྡུར་གྱི་ཡུལ་དངོས་སུ།སྟེང་ཆེན་རྫོང་ཁྲི་རྡོ་གྲོང་རྡལ་འུག་པ་གྲོང་ཚོ་ནས་ཕེབས་པའི་ཞིང་འབྲོག་མང་ཚོགས་མི20ཡིས་ས་སྐྱེས་རྡོ་སྐྱེས་ཀྱི་མངོན་མིན་རིག་གནས་རལ་པ་འཁྲབ་སྟེ་གྲོང་ཁྱེར་ཡོངས་ལས་ཨང་དང་པོ་ལེན་པ་རེད།དེ་ལས་གྲོང་གསེབ་དར་རྒྱས་ལ་ཕན་པའི་སྲོལ་རྒྱུན་རིག་གནས་ཀྱི་ཆེ་བ་མངོན་པར་གསལ་བ་མཚོན་ཐུབ།
ཨང་དང་པོ་ལེན་མཁན་གྱི་རུ་ཁག་འདིའི་བྲོ་འགོ་འཁྲིད་མཁན་གྱི་མིང་ལ་ཨ་ཉི་ཟེར།ཁོང་ནི་གྲོང་ཚོའི་རིག་རྩལ་རུ་ཁག་གི་འགན་འཁུར་མཁན་ཞིག་ཀྱང་ཡིན།ལོ་མང་རིང་། ཁོ་པས་རལ་པ་ལ་དགའ་མཁན་གྱི་མང་ཚོགས་ཐམས་ཅད་མཉམ་རུབ་བྱས་ནས། ཆེས་རྨང་གཞིར་གྱུར་པའི་རལ་པའི་རྔ་རྡུང་ལུགས་ནས་དཀའ་ཚེགས་ཆེ་བའི་འཁྲབ་རྩལ་རྣམས་ལེགས་པར་བསླབས་ཏེ། གནའ་བོའི་སྒྱུ་རྩལ་འདི་རང་ཡུལ་གྱི་ལུང་པར་གཅིག་རྒྱུན་གཅིག་འཛིན་ཐུབ་པར་བྱུང་། སྙིང་རུས་འདི་ལྟ་བུ་ཡོད་པས་རུ་ཁག་གི་གཙོ་བོར་གྱུར་པའི་བསོད་ནམས་དཔལ་མོ་ལ་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་རྣམ་གྲངས་ཀྱི་རལ་པའི་ཚབ་མཚོན་རྒྱུན་འཛིན་པའི་ཐོབ་ཐང་ཞིག་ཀྱང་སྤྲད་པ་རེད།
གཞན་དྲིང་མི་འཇོག་པའི་འཁྲབ་རྩལ་ཁྱད་དུ་འཕགས་པས། གྲོང་གསེབ་ཀྱི་རིག་རྩལ་རུ་ཁག་འདི་གར་སྟེགས་གང་ཆེ་ཆེར་བསླེབས་ཤིང་། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ60འཁོར་བའི་བྲག་གཡབ་ཀྱི་ཡན་ལག་ཚོགས་རར་འཁྲབ་སྟོན་ལེགས་གྲུབ་བྱུང་ཚུན་ནས། 2025ལོར་ཆབ་མདོ་གྲོང་ཁྱེར་གྱི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་ཐོག་འཁྲབ་སྟོན་བྱས་པའི་བར་དང་། ཁྱད་པར་དུ་ཁོང་ཚོས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི《མངོན་མིན་རིག་གནས་ཞིང་གི་ཀྲུང་གོ》ཞེས་པའི་གར་སྟེགས་སུ་བསྙེགས་ཐུབ་པ་བྱུང་། གནའ་རབས་ཀྱི་སྟེང་ཆེན་རལ་པས་དུས་རབས་གསར་པའི་འོད་སྣང་གྲོགས་སུ་བསྟེན་ནས། རྒྱལ་ཡོངས་ལྟད་མོ་བ་ཀུན་ལ་ཆབ་མདོའི་གཏམ་རྒྱུད་དང་སྟང་ཆེན་གྱི་གཏམ་སྙན་ཀུན་ཏུ་བསྒྲགས་ཤིང་སྤེལ་བ་རེད།

