འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། 2026ལོའི་ཟླ6ཚེས30ཉིན་གྱི་ཆུ་ཚོད17དང་སྐར་མ40ཡི་ཐོག་མཛོ་སྒང་རྫོང་བལ་ཐོག་ཤང་གི་ཁ་བ་དཀར་པོའི་བྱང་ཕྱོགས་རི་གསེབ་ཏུ་རྐང་ཐང་དུ་འགྲོ་མཁན་ཡུལ་སྐོར་བ་གཉིས་གློ་བུར་དུ་བརླགས་སོང་བ་རེད། དེ་ནས་གཡུ་ཆུའི་རྒྱུད་དུ་འཚོལ་བཤེར་བྱས་པ་དང་། འཚོལ་མཁན་ཚོས་སྤྱི་ལེ230ཡི་ལག་ཐག་བཅད་ནས། ཆུ་ཚོད49ལ་དཀའ་བ་རབ་ཏུ་སྤྱད་པ་རེད།
རྐྱེན་བར་ཆད་ནི་རྒྱལ་པོའི་བཀའ་དང་གཉིས་སུ་མེད་པས། ཉེན་བརྡ་འབྱོར་མ་ཐག་རྫོང་དང་ཤང་ གྲོང་ཚོ་བཅས་རིམ་པ་གསུམ་གྱི་རོགས་སྐྱོབ་སྟོབས་ཤུགས་གཅིག་ཏུ་བསྡུས་པ་དང་། བལ་ཐོག་ཤང་གི་ལས་དོན་མི་སྣ་རྣམས་སྔ་ས་ནས་ལུང་གཞི་གྲོང་ཚོའི་གངས་རྫ་རང་བྱུང་གྲོང་ཚོའི་རི་གསེབ་ཏུ་འབྱོར་ཏེ་འཚོལ་བཤེར་བྱས་པ་དང་། དེ་ནས་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་ལམ་སང་མི་རྣམས་བསྡུས་ཏེ་མོ་ཊ་བཏང་ནས་སྤྱི་ལེ230ཡི་ལམ་ཐག་བཅད་དེ་གྲོག་རོང་དུ་འཚོལ་བཤེར་བྱེད་སར་བསྐྱོད་པ་རེད། འཚོལ་བཤེར་བྱེད་སར་ཆ་སྙོམས་ལ་ས་བབ་སྨི3300ཡན་ཟིན་ཞིང་གདོད་མའི་ནགས་ཚལ་ཁེབས་ཚད85%ཡན་ཟིན་ཡོད། རི་མཐོ་ལ་གྲོག་རོང་གཟར་བ་དང་ནགས་ཚལ་སྟུག་པས་ཉི་མ་ཡང་མཐོང་དཀའ་བ་སོགས་རང་བྱུང་གི་ཁོར་ཡུག་རབ་ཏུ་སྡུག་པས་འཚོལ་བཤེར་གྱི་ལས་དོན་ལ་འགོག་རྐྱེན་ཆེན་པོ་འཕྲད་ཡོད།
རོགས་སྐྱོབ་ཀྱི་རླངས་འཁོར་རྣམས་གྲོག་རོང་གི་འགག་ལ་འབྱོར་ཚེ། དཀའ་སྡུག་གི་བཤུལ་ལམ་རིང་མོར་གཞི་ནས་འགོ་ཚུགས་ཤིང་། མདུན་ཕྱོགས་ལ་གཞུང་ལམ་ཙམ་ཡང་མེད་པས་རྐང་ཐང་དུ་མ་འགྲོ་ཀ་མེད་བྱུང་། ཉིན་མང་པོར་ཆར་ཞོད་ཆེན་པོ་བབས་པའི་དབང་གིས་རི་ལམ་ཐམས་ཅད་འདམ་རྫབ་ཀྱིས་ཁེངས་པས་རི་ཉིལ་བ་དང་སྲོག་ཉེན་གྱི་རྐྱེན་ཆག་ཆེན་པོ་ཡོད་པ་དང་།ལྷག་པར་དུ་ས་ཁུག་ལུང་ཁུག་འདི་ལྟ་བུ་ན་བརྟ་རྟགས་ཙམ་ཡང་མེད་པས་བོར་བརླག་སོང་བའི་ཡུལ་སྐོར་བ་གཉིས་ལ་འབྲེལ་བ་བྱེད་ཐབས་བྲལ།བརྡ་རྟགས་མེད་ལ་མི་མེད་གནམ་གྲུ་ཡང་མེད་པས་རོགས་སྐྱོབ་རུ་ཁག་གིས་མི་ཁོ་ནར་བརྟེན་ནས་འཚོལ་དགོས་བྱུང་བས་དུས་ཚོད་དང་ས་ཆ་ཁ་ཆད་བཟོས་ནས་ཕྱིས་སུ་དེ་རུ་འཛོམ་རྒྱུ་བྱས་པ་རེད། ད་རེས་ཀྱི་འཚོལ་སྐྱོབ་འདི་རྒྱ་མཚོའི་ནང་ནས་ཁབ་བཙལ་བ་ལྟར་དཀའ་ཚེགས་ཧ་ཅང་ཆེ་བས་ཀུན་ཀྱང་ངལ་བའི་ཀློང་དུ་ཚུད།
རི་མཐོ་གཡང་གཟར་གྱི་ཀློང་ནས། རི་རྒྱུད་ཡོངས་བཤེར་ཐུབ་ཆེད། ཡུལ་དངོས་ཀྱི་བཀོད་འདོམས་པས་ཐེ་ཚོམ་སྤུ་ཙམ་མེད་པར་ལམ་སང་འཚོལ་སྐྱོབ་ཀྱི་རུ་ཁག་གཉིས་ལ་བགོས་ཏེ། རི་མགོ་ནས་རི་གཤམ་དུ་འཚོལ་བ་དང་། ཆུ་རྒྱུད་ཕྱི་ནས་ནང་དུ་འཚོལ་བ་སོགས་ཕྱོགས་གཉིས་ཀ་ནས་འཚོལ་བཤེར་བྱས་ནས་གྲུ་ཟུར་གཅིག་ཀྱང་མ་ལུས་པ་བཤེར་བ་རེད།
ཟླ7ཚེས1ཉིན་གྱི་ཆུ་ཚོད18དང་སྐར་མ40ཐོག་ཆུ་ཚོད49ལ་ཉིན་མཚན་ལྟོས་མེད་འཚོལ་བཤེར་བྱས་པར་བརྟེན་རོགས་སྐྱོབ་མི་སྣས་བོར་བརླག་སོང་བའི་ཡུལ་སྐོར་བ་དེ་གཉིས་གཞི་ནས་རྙེད་པ་རེད། མི་དེ་གཉིས་ཡུན་རིང་ཆར་པས་སྦངས་ཤིང་ཟ་རྒྱུ་འཐུང་རྒྱུ་ཡང་མ་རག་པས་ལུས་ཤུགས་ཉམས་ནས་དྲོད་ཀྱང་ཤོར་འདུག ཉེན་ཁ་ལས་ཐར་རྗེས་མི་དེ་གཉིས་ཀྱིས་དོན་མེད་རི་གསེབ་ལ་སོང་ན་ཉེན་ཁ་ཆེན་པོ་ཡོད་པ་ཚོར་ནས་རྒྱ་ཆེའི་ཡུལ་སྐོར་བ་ཚོ་རི་ཁར་མ་འགྲོ་གོང་། ངེས་པར་དུ་རང་གི་ལུས་པོས་ཁྱོག་མིན་བལྟ་དགོས་པ་དང་ལམ་ཕྱོགས་གཏན་འཁེལ་ལུགས་མཐུན་བྱེད་དགོས་པ་ལས་གཞན་ཟེར་རྗེས་འབྲངས་ཀྱིས་རི་རྒྱ་ཀླུང་རྒྱ་བསྡམས་ཁུལ་དང་སྲུང་སྐྱོབ་ཁུལ་དུ་གང་བྱུང་མང་བྱུང་འགྲོ་མི་རུང་བ་དང་། གལ་ཏེ་སོང་ན་ཡོང་རྒྱུ་འདི་ལས་མི་འདུག་ཅེས་འབོད་སྐུལ་བཏང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཁ་བ་དཀར་པོའི་བྱང་ཕྱོགས་རི་རྒྱུད་དེད་ནས་སོང་ན་སྤྱི་ལེ42ཙམ་ཡོད་ལ་རི་མཐོན་པོ་བཞི་རྒྱག་དགོས། ས་བབ་མཐོ་ཤོས་ལ་སྨི5200ཡོད་པས་ཉེན་ཁ་ཧ་ཅང་ཆེ། དེ་སྔོན་ལ་ཡང་ས་ཕྱོགས་འདི་ནས་ཡུལ་སྐོར་བ་གང་བྱུང་མང་བྱུང་རི་མགོར་སོང་སྟེ་ཉེན་ཁ་ཐེངས་མང་འཕྲད་མྱོང་། དེ་དུས་རོགས་སྐྱོབ་ཀྱི་ཐོན་ཁུངས་ཕོན་ཆེན་ཟད་ན་ཡང་ད་རེས་ཀྱི་རོགས་སྐྱོབ་འདི་ལས་མཛོ་སྒང་རྫོང་གི་རིམ་པ་གསུམ་པའི་འཕྲལ་སྡོམ་མཉམ་བསྟར་གྱི་ཉེན་སེལ་ནུས་པ་ཉམས་སད་ཐེག་ཐུབ་པ་བྱུང་ཡོད།

