འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ7པའི་ཚེས8ཉིན། རང་རེའི་གྲོང་ཁྱེར་གྱི“འོད་སྟོང་འབར་བའི་ལོ་རྒྱུས་བློ་ལ་བཅངས། དམར་མདངས་ཆབ་མདོ་འབད་འབུངས་མདུན་དུ་སྐྱོད”ཅེས་པ་བརྗོད་དོན་གཙོ་བོའི་བཅར་འདྲི་མ་བྱས་གོང་གི་ཚོགས་འདུ་དང་རྡོག་ཐོན་མཛད་སྒོ་ཐུགས་གྲ་འགྲིག་པོའི་སྒོ་ནས་གཉེར་བ་རེད། བོད་སྡོད་ཀྲུང་དབྱང་སྨྱན་སྦྱོར་དང་རང་སྐྱོང་ལྗོངས་ཀྱི་གཙོ་རྒྱུག་སྨྱན་སྦྱོར་དེ་བཞིན་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་མཉམ་འདྲེས་སྨྱན་སྦྱོར་གྱི་གསར་འགོད་ལས་དོན་པ་མཉམ་གཅིག་ཏུ་འཛོམས་ཏེ་གོམ་པས་གསར་བརྗེའི་ས་ཆེན་འཇལ་ཞིང་སྨྱུ་གུ་དང་བརྙན་མིག་གིས་ཆབ་མདོའི་འདས་མ་ད་གསུམ་གླེང་རྒྱུ་རེད།
2026ལོ་ནི་དམིགས་བསལ་གྱི་དོན་སྙིང་ཆེས་ཆེར་ལྡན་པའི་ལོ་ངོ་གཅིག་ཡིན། ལོ་འདི་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པའི་ལོ་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ75འཁོར་བའི་ལོ་ཞིག་ཡིན་ལ།“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་བྱེད་སྒོའི་འགག་སྒྲོལ་ལོ་ཡང་ཡིན། བོད་དུ་སྐར་ལྔའི་དར་དམར་ཐོག་མར་སྒྲེང་ཡུལ་ཡིན་པའི་ངོས་ནས། གསར་བརྗེའི་གཞི་རྒྱུ་སྔ་མོ་ནས་ཆབ་མདོའི་རི་ཀླུང་གང་སར་འཐིམས་ནས་ཡོད། ལོ་ངོ75ཡི་ལོ་རྒྱུས་ཀྱི་བཞུར་རྒྱུན་རིང་མོའི་ནང་གངས་ལྗོངས་ས་མཐོ་འདི་ཉིད་ཀྱིས་་མུན་ནག་ནས་འོད་སྟོང་དང་། བཀག་སྡོམ་ནས་སྒོ་དབྱེ་ཕྱོགས་སུ་བསྐྱོད་དེ་དུས་རབས་ཀྱི་རླབས་རྒྱུན་ཁྲོད་འཕེལ་རྒྱས་ཀྱི་མཆོངས་སྐྱོད་རེ་རེ་བཞིན་བརྩམས་ཡོད།
ཐེངས་འདིའི་བྱེད་སྒོ་ཡིས《མི་དམངས་ཉིན་རེའི་ཚགས་པར》《འོད་ཟེར་ཉིན་རེའི་ཚགས་པར》《ཚན་རྩལ་ཉིན་རེའི་ཚགས་པར》《ཞིང་པའི་ཉིན་རེའི་ཚགས་པར》《ཀྲུང་གོའི་དྲ་བ》བཅས་བོད་སྡོད་ཀྲུང་དབྱང་སྨྱན་སྦྱོར་གདན་དྲངས་པ་དང་། བོད་ལྗོངས་རྒྱལ་སྤྱིའི་བརྒྱུད་བསྒྲགས་ལྟེ་གནས་དང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཁང་སོགས་རང་སྐྱོང་ལྗོངས་ཀྱི་གཙོ་རྒྱུག་སྨྱན་སྦྱོར་དང་མཉམ་འབྲེལ་བྱས་པའི་ཁར། གྲོང་ཁྱེར་དང་རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་གྱི་རྐང་འཛིན་གསར་འགོད་པ་འཐེན་བསྐོང༌བྱས་ནས་བཅར་འདྲི་ཚོགས་པ་ཞིག་བཙུགས་ཡོད།ཚང་མས་གཅིག་མཐུན་གྱི་ཐོག་མའི་བསམ་འདུན་བསྣམས་ཏེ་ཆབ་མདོ་ས་གཞི་ཆེ་མོའི་རི་མཐོ་འབྲོག་ཁུལ་དང་། ཞིང་ཁའི་མུ་ཁ། གྲོང་གསེབ་ཀྱི་འཐབ་ས་དང་པོར་བསྐྱོད་དེ་ཟུར་ངོས་མི་འདྲ་བའི་ཐོག་ནས་གསར་བརྗེའི་ཐོན་ཁུངས་སྔོག་འདོན་དང་། རིམ་པ་མི་འདྲ་བ་དང་རྣམ་པ་མི་འདྲ་བའི་ལམ་ནས་ཆབ་མདོའི་ཡར་བརྩོན་གྱི་སྐད་སྒྲ་བརྒྱུད་བསྒྲགས་བྱ་རྒྱུ་རེད།

