འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ན་ནིང་སྤེལ་བའི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་བྱེད་སྒོ་སྐབས་དང་པོའི་ཁྲོད་སྨར་ཁམས་རྫོང་ཆུ་ཚན་ཁ་ཤང་གི་ཚེ་རིང་གཡང་འཛོམས་ཀྱིས“གྲོང་ཚོའི་ལས་བྱེད་པ་དང་གྲོང་མིས་མཉམ་དུ་གཏམ་རྒྱུད་བཤད་པའི”འགྲན་བསྡུར་ལས་རྫོང་རིམ་པའི་བྱ་དགའ་ཨང་དང་པོ་དང་། ཞབས་བྲོའི་འགྲན་བསྡུར་ལས་གྲོང་ཁྱེར་རིམ་པའི་བྱ་དགའ་ཨང་གཉིས་པ་བླངས་ཡོད། འོན་ཀྱང་། ཁོ་མོའི་མི་ཚེའི་འགྱུར་ལྡོག་དངོས་ནི་འགྲན་རའི་འགྲམ་གྱི་སྣུམ་སླང་དེ་ནས་བྱུང་བ་རེད། མ་བྱན་ལག་རྩལ་གྱི་འགྲན་བསྡུར་ལས་ཁོ་མོའི་ལས་གཏོད་ཀྱི་ཕུགས་འདུན་མངོན་འགྱུར་བྱུང་བ་དང་། ད་ཆ་ཁོ་མོ་ཡིས་ཟ་ཁང་ཆུང་ངུ་ཞིག་གཉེར་བཞིན་ཡོད། ཁོ་མོ་ཡིས “རང་ཉིད་ཀྱི་འཚོ་བ་ཡག་ཏུ་གཏོང་བ་མ་ཟད། ཡུལ་མི་ཚོར་ཡང་ཕྱུག་འགྱུར་གྱི་ལམ་བུ་ཞིག་བསྐྲུན་འདོད་ཡོད་ཅེས་བརྗོད་པ་རེད།
འདི་ནི་ཚེ་རིང་གཡང་འཛོམས་ཀྱི་ཟ་ཁང་ཡིན་ལ་སྒོ་ཕྱེས་ནས་ལོ་གཅིག་ལས་སོང་མེད། ཟ་ཁང་འདིའི་ཆེས་མངོན་གསལ་དོད་ཤོས་སུ་ན་ནིང་ཁོང་ལ“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་བྱེད་སྒོའི་ཁྲོད་ཐོབ་པའི་གཟི་བརྗིད་མཚན་སྙན་ལག་ཁྱེར་གཉིས་དེ་སྦྱར་ཡོད་པ་དང་། འོན་ཀྱང་ཁོ་མོས་ཟ་ཁང་བཙུགས་པའི་འདུན་པ་ནི་མ་བྱན་ལག་རྩལ་གྱི་འགྲན་བསྡུར་ལས་བྱུང་ཞེས་བརྗོད་པ་རེད།
ན་ནིང་ཚེ་རིང་གཡང་འཛོམས་ཀྱིས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཁོངས་མིའི་ཐོབ་ཐང་ཐོག་ནས་གཅིག་ནས་སྒྲིག་འཛུགས་པ་དང་གཉིས་ནས་འགྲན་ཞུགས་པ་བྱས་ཡོད། ཁོ་མོ་ཡིས་སྣེ་ཁྲིད་དེ་གྲོང་མི་རྣམས་ལ་འགྲན་བསྡུར་ནང་མིང་ཐོ་བཀོད་དེ་ཞུགས་རྒྱུའི་སྐུལ་སློང་བྱས་པ་རེད། མཐར་ཁོ་མོས་གཏམ་རྒྱུད་བཤད་པའི་འགྲན་བསྡུར་ནང་རྫོང་རིམ་པའི་ཨང་དང་པོ་བླངས་པ་དང་། གྲོང་ཚོའི་སྒྱུ་རྩལ་ཚོགས་པའི་སྣེ་ཁྲིད་དེ་ཞབས་བྲོའི་རྣམ་གྲངས་ལས་གྲོང་ཁྱེར་རིམ་པའི་ཨང་གཉིས་པ་བླངས་པ་རེད།
ཁོ་མོས་འགྲན་བསྡུར་ཐེངས་གཉིས་ལ་ཨང་རིམ་བཟང་པོ་བླངས་ཡོད་མོད། འོན་ཀྱང་ཚེ་རིང་གཡང་འཛོམས་ལ་ཟ་ཁང་ཞིག་གཉེར་འདོད་པའི་བསམ་པ་ནི་ཉེ་འཁོར་གྱི་ཟ་མའི་དྲི་ཞིམ་ལས་བྱུང་བ་ཞིག་རེད། སྐབས་དེར་ཁོ་མོས་མ་བྱན་གྱི་ལག་རྩལ་འགྲན་རའི་འགྲམ་དུ་ལངས་ནས། འགྲན་ཞུགས་པ་ཚོས་སླ་ངའི་ནང་དུ་ཚལ་རྔོ་བཞིན་པ་མཐོང་སྐབས། ཁོ་མོའི་སེམས་གཏིང་དུ་ཡུན་རིང་གནས་པའི་ལས་གཏོད་ཀྱི་ཕུགས་འདུན་དེ་དངོས་སུ་ལག་ལེན་བསྟར་འགོ་བརྩམས་པ་རེད།
མིག་སྔར།ཟ་ཁང་དེ་ཚེ་རིང་གཡང་འཛོམས་གཅིག་པུས་གཉེར་སྐྱོང་བྱེད་ཀྱི་ཡོད། ཁོ་མོས་བཟོས་པའི་ཇ་བསྲུབས་མ་དང་། རྩམ་པ། ཚགས་ཤ། ཁྱད་ལྡན་བསྲེགས་ཟས་བཅས་ལ་སྐུ་མགྲོན་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་ལ། ཟ་ཁང་འདི་ནི་ཁོ་མོའི་ངོས་ནས་བཤད་ན་དོན་སྙིང་ཆེན་པོ་ལྡན་པ་ཞིག་རེད།
དེ་ནི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་བྱེད་སྒོའི་གྲུབ་འབྲས་གཞན་སྒྱུར་གྱི་ལྟེ་བའི་ཐབས་ལམ་ཞིག་ཡིན། དེ་ནི་ལས་མི་གཅིག་ལ་གྲུབ་འབྲས་ཐོབ་པ་ཙམ་ཞིག་མ་ཡིན་པར། མི་གཅིག་གི་གྲུབ་འབྲས་དེ་མང་ཚོགས་ཀྱིས་མཐོང་ཐུབ་པའི་མིག་དཔེར་གྱུར་ཡོད།
འདི་ལོའི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་བྱེད་སྒོ་སྐབས་གཉིས་པ་སྤེལ་འགོ་ཚུགས་སྐབས། ཚེ་རིང་གཡང་འཛོམས་ནི་ཟུར་ནས་ལྟ་མཁན་དང་སྒྲིག་འཛུགས་བྱེད་མཁན་ཙམ་མིན་པར་ཐེངས་འདིའི་འགྲན་བསྡུར་ནང་དངོས་སུ་ཞུགས་ཡོད། མི་རིང་བའི་གོང་ཁོང་གིས་ཤང་གི་མ་བྱན་ལག་རྩལ་འགྲན་བསྡུར་གྱི་ཨང་དང་པོ་བླངས་པ་རེད།
ཟ་ཁང་གི་ལས་མི་ནས་གྲོང་ཚོའི་ལས་བྱེད་པའི་བར། གར་སྟེགས་འོག་གི་ལྟད་མོ་བ་ནས་ཟ་ཁང་གཉེར་མཁན་གྱི་ལས་གཏོད་པའི་བར། ཚེ་རིང་གཡང་འཛོམས་ལ་ཐོབ་པའི་གྲུབ་འབྲས་ནི་ནི་ཡུལ་མི་ཚོས་མཐོང་ཐུབ་པ་དང་། རང་ཉིད་ཀྱང་བགྲོད་ཆོག་པའི་ལམ་བུ་ཞིག་ཡིན། དེ་ནི་ཟ་ཁང་ཆུང་ངུ་དེའི་དྲོ་སྐྱིད་དང་སྟོབས་ཤུགས་ཆེ་ཤོས་ཡིན།

