国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年07月10日

ཆབ་མདོ་མང་ཚོགས་ཀྱིས་ཁྱིམ་གྱི་སྒོ་མདུན་དུ་མིག་ནད་སྨན་བཅོས་ཀྱི་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱུང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གཟའ་མིག་དམར་དང་། གཟའ་ཕུར་བུ། གཟའ་ཉི་མའི་སྔ་དྲོར། ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གི་མིག་ནད་ཚན་ཁག་ཏུ་སྨན་བཅོས་བྱེད་ཚད་རྒྱུན་ལྡན་ལས་ཆེས་མང་བའི་དུས་ཡིན། བོད་སྐྱོར་སྨན་བཅོས་ཀྱི་ཐོན་ཁུངས་ལ་བརྟེན་ནས་ཆབ་མདོ་གྲོང་ཁྱེར་མ་བུ་བདེ་སྲུང་ཁང་མིག་ནད་ཚན་ཁག་གི་ཆེད་མཁས་པས་དུས་གཏན་ལྟར་གཞི་རིམ་དུ་བསྐྱོད་དེ་སྨན་བཅོས་བྱས་པས་སྨན་ཁང་གཉིས་ཀྱི་ཐོན་ཁུངས་མཉམ་སྤྱོད་དང་ལེགས་ཆ་གསབ་རེས་བྱུང་ནས་ས་གནས་ཀྱི་མིག་ནད་ཚན་ཁག་གི་སྨན་བཅོས་ཞན་ཆ་ཁ་གསབ་ཐུབ་ཏེ་མང་ཚོགས་ཀྱིས་ཁྱིམ་གྱི་སྒོ་མདུན་དུ་སྤུས་ཀ་ལེགས་ལ་ཚད་ལྡན་གྱི་ཆེད་ལས་སྨན་བཅོས་ཀྱི་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱུང་བ་རེད།

ཟླ་དྲུག་པར་སློབ་མའི་སློབ་ཚན་གྱི་གནོན་ཤུགས་ཆེ་ཞིང་མཐོ་སྒང་གི་སྨུག་ཕྱིའི་འོད་ཟེར་དྲག་པ་དང་གནམ་གཤིས་འགྱུར་ལྡོག་ཆེ་བ་སོགས་ཀྱི་དམིགས་བསལ་གྱི་ཁོར་ཡུག་གི་རྐྱེན་པས་གཞོན་ནུ་ལོ་ཆུང་ཚོའི་མིག་ཤེད་ཇེ་ཞན་དང་། མིག་སྐམ་པ། ཟ་འཕྲུག་ལངས་པ་སོགས་ཀྱི་ནད་རྟགས་མང་དུ་ཐོན་ནས་མིག་ནད་ཚན་ཁག་ཏུ་སྨན་བཅོས་ཡོང་མཁན་གྱི་གཞོན་ནུ་ལོ་ཆུང་སྔར་བས་འཕར་བ་རེད།

དེ་སྔ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་རྒྱུན་གཏན་གྱི་མིག་ནད་སྨན་བཅོས་ཁོ་ན་བྱེད་ཐུབ་པ་ལས་བྱིས་པའི་གསེག་ལྟ་དང་འོད་ཀྱོག་མི་སྙོམས་པའམ་མི་དྲང་བའི་སྣང་ཚུལ་ལ་ཆེད་ལས་ཚན་ཁག་གི་མངའ་ཁོངས་སུ་ཞན་ཆ་ལྷགས་ཡོད་པ་རེད། དེ་དང་ཆབས་ཅིག གྲོང་ཁྱེར་མ་བུ་བདེ་སྲུང་ཁང་གི་གནས་ཡུལ་ཅུང་ལུང་ཁུག་ཡིན་པ་དང་སྤུས་ལེགས་ཀྱི་མིག་ནད་ཚན་ཁག་གི་ཐོན་ཁུངས་དང་བེད་སྤྱོད་ཕྱོད་མི་འདང་བས་མང་ཚོགས་མི་ཉུང་བ་ཞིག་གིས་མིག་ལ་ལྟ་དགོས་དུས་ལྷ་ས་དང་ཁྲེང་ཏུའུ་རུ་སྨན་བཅོས་བྱེད་པར་བསྐྱོད་དགོས་ཀྱི་ཡོད་པས་དུས་ཚོད་དང་ནུས་ཤུགས་མང་པོ་དགོས་པ་རེད།