འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ7ཚེས6ཉིན། རང་རེའི་གྲོང་ཁྱེར་གྱི་གླུ་བྲོའི་ཟློས་གར《ཀུན་ཏུ་དགའ་བའི་གཙང་གསུམ》(གནས་སྐབས་གཏན་འཁེལ)ཞེས་པའི་དུམ་ཚན་འཁྲབ་སྟོན་གྱི་བྱེད་སྒོ་དེ་ཆབ་མདོའི་ཟློས་གར་ཁང་དུ་སྤེལ་བ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་བྱེད་སྒོར་ཞུགས་ཏེ་སྐུལ་སློང་གསུང་བཤད་གནང་བ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ལི་ཧྲུའུ་གོ་དང་། གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའུ་ཀྲང་དངོས་གྲུབ་ཟླ་བ་སོགས་བྱེད་སྒོར་ཞུགས་ཡོད་པ་རེད།
འཁྲབ་སྟོན་བྱ་ཡུལ་དུ་འཁྲབ་སྟོན་པ་རྣམས་གྲུང་ཤ་དོད་ལ་སེམས་གཅིག་བློ་གཅིག་གིས་སྔ་རྗེས་སུ་དུམ་ཚན་གསུམ་ཙམ་འཁྲབ་སྟོན་བྱས་པས་གར་སྟེགས་ཀྱི་རྣམ་པ་ཡིད་དུ་འོང་བ་ཞིག་བྱུང་ཡོད།
ལའོ་ཆིན་འུའུ་ཡིས་ཟློས་གར་གྱི་རྩོམ་སྒྲིག་དང་ནང་སྦྱོང་གི་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས། གསར་གཏོད་ཚོགས་པ་དང་འཁྲབ་སྟོན་མི་སྣ་ཡོངས་ལ་ཐུགས་རྗེ་ལེགས་འབུལ་ཞུས་ཡོད། ཁོང་གིས་གླུ་བྲོའི་ཟློས་གར《ཀུན་ཏུ་དགའ་བའི་གཙང་གསུམ》(གནས་སྐབས་གཏན་འཁེལ)འདི་ནི་བོད་ཤར་གྱི་ལོ་ངོ་སྟོང་གི་ལོ་རྒྱུས་དང་ཁམས་པའི་ཐུན་མིན་གྱི་རིག་གནས་རྒྱུན་འཛིན་བྱེད་པའི་མཚོན་བྱེད་རང་བཞིན་གྱི་བརྩམས་ཆོས་ཤིག་ཡིན་པས། ཆབ་མདོའི་རིག་རྩལ་གྱི་ཤུགས་རྐྱེན་ཆེ་རུ་གཏོང་བ་དང་ས་གནས་རང་གི་རིག་གནས་ཀྱི་སྤུས་རྟགས་གཏོད་རྒྱུར་དོན་སྙིང་གལ་ཆེན་ཡོད། གསར་གཏོད་ཚོགས་པ་དང་འཁྲབ་སྟོན་མི་སྣ་ཡོངས་ལ་ཁམས་པའི་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་འགན་འཁྲི་ཡོད་པས། འདི་ནི་ཐོབ་དཀའ་བའི་གོ་སྐབས་ཤིག་ཡིན་ལ་ལྗིད་ཏིག་ཏིག་གི་འགན་འཁྲི་ཞིག་ཀྱང་རེད། ཚང་མས་གསར་གཏོད་ཀྱི་གོ་སྐབས་ལ་གཅེས་སྤྲས་དང་སྒྱུ་རྩལ་གྱི་ལས་ལ་རབ་ཏུ་འཇུག་ནས། ས་གནས་རང་གི་སྒྱུ་རྩལ་མཁས་པ་རྒན་གྲས་ཀྱི་བསམ་འཆར་ཉན་པ་དང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་ཁྱད་ཆོས་ལེགས་པར་བླངས་ཏེ། འཁྲབ་གཞུང་གི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་གཏོང་དགོས་ཤིང་། བརྩམས་ཆོས་ཀྱི་སྤུས་ཀ་ལེགས་གཏོང་གིས་ཆབ་མདོའི་རིག་རྩལ་བྱ་གཞག་ལ་མིག་དཔེ་འཇོག་དགོས། དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས་ཞབས་ཞུའི་བྱེད་ཐབས་ཞིབ་ཚགས་སུ་བཏང་ནས། ནང་སྦྱོང་བྱེད་རིང་གི་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་འགན་སྲུང་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབས་ཏེ། འཁྲབ་གཞུང་གི་སྤུས་ཚད་བཟང་ལ་དང་ངོ་མཚར་ཡིད་དུ་འོང་བའི་འགན་ལེན་བྱ་དགོས་པའི་རེ་བ་བཏོན་ཡོད།

