2026ལོ་ནི།ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ105འཁོར་བའི་ལོ་ཞིག་རེད། མི་ལོ་བརྒྱ་དང་ལྔའི་རིང་ལ་གཅིག་རྒྱུན་གཅིག་གིས་འཛིན་ནས། ཏང་དར་གཞི་རིམ་དགུང་དུ་ལྷང་ངེར་བསྒྲེངས་ཤིང་། མི་རབས་དུ་མའི་ཏང་ཡོན་ཚོས་གྲོང་གསེབ་དར་རྒྱས་དང་རིག་གནས་ཡུལ་སྐོར། དམངས་འཚོ་ལེགས་གཏོང་སོགས་ཀྱི་ལས་འགན་ལྷུར་དུ་བླངས་ཡོད།
གཞི་རིམ་ནི་མང་ཚོགས་ལ་ཞབས་འདེགས་དང་ཡར་རྒྱས་གོང་འཕེལ་གཏོང་སའི་ཡུལ་དངོས་ཡིན་པས། རིམ་ཁག་ཏང་རྩ་འཛུགས་ཀྱིས་འགན་འཁྲི་ཁུར་དུ་འཁྱེར་བའི་ཉམས་བཟང་མངོན་ཕྱིར་དང་གཞི་རིམ་གྱི་ཏང་ཡོན་ཚོས་འབད་པ་ལྷུར་ལེན་གནང་བའི་མཛད་རྗེས་མཚོན་ཕྱིར། འདི་ག་ཚགས་པར་ཁང་གིས་དེ་རིང་ནས་བཟུང་། “གཞི་རིམ་དུ་ཏང་དར་ལྷབ་ལྷུབ་ཏུ་གཡོ”ཞེས་པའི་ཆེད་སྒྲིག་ལེ་ཚན་འདི་ཀུན་གྱི་སྤྱན་ལམ་དུ་འབུལ་རྒྱུ་ཡིན།
“ཁོ་ཚོ་ནི་ངའི་བུ་ཕྲུག་ལྟ་བུ་ཡིན”ཟེར་བའི་ཤ་ཚའི་གཏམ་སྙན་འདི་རི་བོ་ཆེ་རྫོང་གི་ནགས་སྟེང་ཐང་ཟེར་བའི་འབྲོག་ཁུལ་དུ་ད་བར་ས་ཁྱབ་རྡོ་ཁྱབ་ཡིན། 2024ལོའི་ཟླ8པར། ལོ69ལ་ཕེབས་པའི་ཏང་ཡོན་རྒན་པ་བྱང་ཆུབ་ལྷ་མོ་ནི་དུས་རབས་ཕྱེད་ཙམ་ལ་མཉམ་འགྲོགས་མཉམ་གཤིབ་བྱེད་པའི་ཤྭ་བའི་ཁྱུ་དང་གཏན་དུ་གྱེས་པ་རེད། ཁོ་མོས་ཚེ་གཅིག་ལ་མཐོ་སྒང་གི་སྲོག་ཆགས་རྣམས་རང་གི་བུ་ལྟར་གཅེས་ཤིང་སྟོངས་ལ་ཉེ་བའི་ཤྭ་བ་སེར་ཆེན་ལག་གསོས་བྱས་ཏེ་མགོ་གྲངས་བརྒྱད་སྟོང་ལྷག་ཏུ་འཕེལ་ནས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ཡིད་འོང་གི་ལེ་ཚན་ཞིག་བརྩམས་ཡོད།
2026ལོར། ཁོ་མོ་ཀྲུང་གུང་ཀྲུང་དབྱང་གིས“རྒྱལ་ཡོངས་ཀྱི་ཕུལ་བྱུང་གི་གུང་ཁྲན་ཏང་ཡོན”དུ་བསྐོས་པ་རེད། ཁོ་མོའི་གཏམ་སྙན་གྲགས་གངས་ལྗོངས་ས་མཐོའི་རི་ཀླུང་ཀུན་ལ་ཁྱབ་ཡོད།
ཟླ་དྲུག་པའི་མཇུག་གི་ཆར། ནགས་སྟེང་ཐང་གི་སྟོད་སྨད་བར་གསུམ་ཀུན་ཏུ་སྔོ་ཐིང་ཐིང་དུ་གྱུར་ཞིང་གསེར་མདོག་གི་མེ་ཏོག་ཀུན་ཏུ་བཀླུབས་ནས་ཉམས་དགའ་ལ། རི་བོ་ཆེའི་ཤྭ་བ་སེར་ཆེན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཁྲ་མོ་གླིང་སྲུང་སྐྱོབ་ས་ཚིགས་སུ་གསར་འགོད་པས་བྱང་ཆུབ་ལྷ་མོའི་བུ་ཆུང་བ་པད་མ་ཚེ་དབང་མཐོང་ཞིང་། ཁོ་པས་ཤྭ་བ་རྨས་མ་ཞིག་ལ་ཉུང་མ་སྟེར་བཞིན་འདུག། བྱམས་པ་དང་བརྩེ་བས་ཁེངས་པའི་གདོང་གཤིས་དེ་མཐོང་ཚེ་ཁོང་གི་ཨ་མ་དང་གཉིས་སུ་མ་མཆིས།
གཏམ་རྒྱུད་འདི་བཤད་དགོས་ན། 1970ལོ་ནས་འགོ་བཟུང་དགོས། ལོ་དེར། མོ་ལོ་བཅོ་ལྔར་སོན་པའི་བྱང་ཆུབ་ལྷ་མོས་རང་ཁྱིམ་གྱི་སྒོ་འགྲམ་ནས་ཤི་ལ་ཉེ་བའི་ཤྭ་ཕྲུག་གསུམ་མཐོང་བ་དང་། དེ་དུས་ནས་མཐོ་སྒང་གི་སྲོག་ཆགས་འདི་དག་དང་ལས་འཕྲོའི་མདུད་པ་གཅིག་ཏུ་འབྲེལ་ཞིང་། 1974ལོར་ཏང་ནང་ཞུགས་རྗེས། ཁོ་མོས་རྩྭ་ར་བསྲུངས་ནས་གཟན་ཆག་སྦྱིན་པ་དང་སྐོར་གཡེང་སོགས་བྱས་ནས་ཤྭ་བའི་འཚོ་གནས་བྱེད་སར་སྲུང་སྐྱོབ་གང་ཐུབ་ཞུས་ནས་ཡོང་བ་རེད། 1975ལོར། སྲིད་གཞུང་གིས་ཁོ་མོ་ཚང་གི་འབྲོག་རར་ཤྭ་བ་གསོ་ཚགས་ར་བ་བཙུགས་ཏེ། ཁོ་མོ་དོ་དམ་བྱེད་མཁན་དུ་བཞག་པ་རེད། 1993ལོར་རང་བྱུང་སྲུང་སྐྱོབ་ཁུལ་བཙུགས་པས་སློབ་ཆུང་ལོ་གཉིས་ལས་འགྲིམ་མྱོང་མེད་པའི་ཁོ་མོས་རང་འགུལ་གྱིས་མིང་ཐོ་བརྒྱབ་སྟེ་སྐོར་སྲུང་མི་སྣའི་འགན་འཁུར་ཏེ། རི་སྐྱེས་སྲོག་ཆགས་གཅེས་སྐྱོང་བྱ་རྒྱུ་དེ་རང་གི་མི་ཚེ་གཅིག་གི་བྱ་གཞག་ཏུ་འཛིན་པ་རེད།
བྱ་གཞག་འདིས་བུ་པད་མ་ཚེ་དབང་ལའང་ཆུང་དུས་ནས་བག་ཆགས་ཟབ་མོ་ཞིག་བཞག་པ་རེད།
མི་ལོ་ལྔ་བཅུ་ལྷག་ལ་དཀའ་བ་ཁྱད་དུ་བསད་དེ། བྱང་ཆུབ་ལྷ་མོས་ཤྭ་བའི་རིགས་རྒྱུད་གོང་ནས་གོང་དུ་སྤེལ་ཐུབ་པ་བྱུང་། ཁོ་མོའི་སྣེ་ཁྲིད་འོག་ཉེ་འཁོར་གྱི་འབྲོག་པ་ཚོས་ཀྱང་རང་འགུལ་གྱིས་རྩྭ་ར་བཤུགས་ནས་ཤྭ་བ་འགྲོ་སའི་ལམ་གཏོད་པ་དང་། སྲུང་སྐྱོབ་ཁུལ་བཙུགས་མ་ཐག་པའི་སྐབས་སུ་ཤྭ་བ་ལྔ་བརྒྱ་ལྷག་ལས་མེད་ཀྱང་། དེང་སང་ཤྭ་བ་བརྒྱད་སྟོང་ལྷག་ཏུ་འཕེལ་ཞིང་། བརྒྱ་ཆའི་དགུ་བཅུ་ཙམ་གནས་འདིར་བརྟེན་ནས་སྡོད་ཡོད།
2024ལོའི་ཟླ8པར། ལོ69ལ་ཕེབས་པའི་བྱང་ཆུབ་ལྷ་མོ་འཇིག་རྟེན་མི་ཡུལ་ནས་གཏན་དུ་ཁ་གྱེས་ཤིང་། འདས་ཁ་ལའང་ཁོ་མོས་རང་གི་བུ་གཉིས་ལ་ལོ་དུས་ཐམས་ཅད་ལ་ཚྭ་གྲ་སྒྲིག་ཡག་པོ་བཟོ་དགོས་ལ་རི་ཁའི་ཤྭ་བ་རྣམས་འཚོ་སྐྱོང་ཡག་པོ་བྱ་དགོས་པའི་ཁ་ཆེམས་བཞག་ཡོད།
དེ་རིང་། པད་མ་ཚེ་དབང་དང་བུ་ཆེ་བ་རིན་ཆེན་ཚེ་འཕེལ་གཉིས་ཀྱིས་ཨ་མས་བཞག་པའི་སླེལ་པོ་དང་ཤུ་ཆས་བདག་གིར་བླངས་ཤིང་། ཉིན་ལྟར་ཞོགས་པའི་སྐབས་སུ་རི་ལུང་གི་གསེང་ནས་སྔ་འདྲིས་རྣར་འཇགས་ཀྱི་འབོད་སྒྲ་དེ་སླར་ཡང་གྲག་བྱུང་།
དཀའ་བའི་ལས་བྱས་ན། དགའ་བའི་འབྲས་བུ་ལོས་ཡོད། བྱང་ཆུབ་ལྷ་མོ་ལ་སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་ཀྱི་བུད་མེད་བྱས་རྗེས་ཅན་གྱི་མིག་ལྟོས་དང་།“ཀྲུང་གོའི་མི་བཟང”ལས་བཀུར་ལེགས་སྐྱེས་ཅན་གྱི་དཔེ་མཚོན་སོགས་ཀྱི་མཚན་སྙན་གསོལ་མྱོང་ཞིང་། ད་ལོར་ཡང“རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”ཞེས་པའི་མཚན་སྙན་ཞིག་ཕུལ་ཡོད། ལྗིད་ཏིག་ཏིག་གི་མཚན་སྙན་འདི་དག་ནི་ཏང་དང་མི་དམངས་ཀྱིས་ཚེ་ཕྱེད་གཞན་དོན་དུ་གཏོང་བའི་མཛད་པར་བསྔགས་བརྗོད་གནང་བ་ཞིག་ལོས་ཡིན་ཨང་།
རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་སྐྱོབ་སྐོར་གྱི་སྲིད་ཇུས་ཇེ་ལེགས་སུ་ཕྱིན་པས། 2005ལོར་སྲུང་སྐྱོབ་ཁུལ་དེའི་ཚད་གཞི་རྒྱལ་ཁབ་རིམ་པར་སྤར་བ་དང་། བསྡོམས་པས་རྒྱ་ཁྱོན་སྤྱི་ཆིང་ཁྲི12ཙམ་ཡོད་ཅིང་ཁྲ་མོ་གླིང་སོགས་ཤང་གྲོང་རྡལ་ལྔ་ལ་ཁྱབ་ཡོད། དེང་སང་ལྟ་སྲུང་ས་ཚིགས་དང་སྐྱོབ་སྲུང་ས་ཚིགས། ཚན་ཞིབ་དྲིལ་བསྒྲགས་སློབ་གསོའི་རྟེན་གཞི། སྐོར་སྲུང་རྐང་ལམ་དང་མེ་འགོག་སོ་ལྟ་ཁང་། ཉི་གློག་ཆུ་འདོན་སོགས་ཀྱི་སྒྲིག་ཆས་ཅི་དགོས་གང་དགོས་འཛོམས་ཤིང་། སྐོར་སྲུང་ཞིབ་དཔྱད་དང་རྨས་མ་སྐྱོབ་བཅོས། དགུན་གཟན་ཁ་སྣོན་སོགས་ལོ་ལྟར་རྒྱུན་ཆད་མེད་པར་བྱེད་ཀྱིན་ཡོད་པས། ད་ལྟ་གངས་ཆེན་བབས་པས་གཟན་ཆག་ཆད་པ་དང་ཤྭ་བ་རྨས་མ་ལ་ལྟ་རྟོག་བྱེད་མཁན་མེད་པ་སོགས་ཀྱི་དཀའ་ངལ་ཁྱོན་ནས་མེད་པ་རེད། ཁྲ་མོ་གླིང་སྲུང་སྐྱོབ་ས་ཚིགས་ནང་ལྟ་སྲུང་མི་སྣ་བརྒྱད་ཡོད་པས་རེས་བསྐོར་ནས་སྲུང་བཞིན་ཡོད་ལ། ཤྭ་བ་འཚོ་སྐྱོང་གི་ཉམས་མྱོང་ཡང་མི་རབས་རིམ་བརྒྱུད་ཀྱིས་འཛིན་སྐྱོང་སྤེལ་གསུམ་བྱེད་མུས་ཡིན།
མི་གཅིག་ནས་ཁྱིམ་ཚང་གཅིག་གི་བར། ཁྱིམ་ཚང་གཅིག་ནས་མི་ཁྱུ་གཅིག་གི་བར། བྱང་ཆུབ་ལྷ་མོས་མཐོ་སྒང་ལ་བཞག་པ་ཤ་ཤེད་རབ་ཏུ་རྒྱས་པའི་ཤྭ་བ་བརྒྱད་སྟོང་ཙམ་དུ་མ་ཡིན་པར་མཐའ་མཚམས་སུ་གཞིར་བཅས་ཏེ། རང་བྱུང་ལ་དགའ་གུས་བསྐྱེད་པའི་འདུ་ཤེས་ཀྱི་བག་ཆགས་དེ་ཡིན། དེང་སང་། བོད་ཤར་གྱི་སྐྱེ་ཁམས་སྲུང་མཁན་མང་པོ་ཞིག་གིས་ཁོ་མོའི་ཞབས་རྗེས་དེད་དེ་མཐོ་སྒང་གི་སྐྱེ་ཁམས་ལ་མི་འཇིགས་པའི་མཁར་རྫོང་ཞིག་བརྩིགས་དང་རྩིགས་མུས་ཡིན།

